མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འཐུས་མི་ཝང་ཡུས་ཧུའུ་ཡིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁོར་ཡུག་ལེགས་བཅོས་
རགས་ཙམ་བྱུང་ཡོད་པས་སྣོད་བཅུད་ཁ་གསབ་ལམ་སྲོལ་ལ་མུ་མཐུད་
ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་12ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། “གཙང་གསུམ་ཆུ་འགོ་ནི་རང་རྒྱལ་གྱི་སྣོད་བཅུད་བྱེད་ལས་ཁུལ་གལ་ཆེ་ཤོས་ཤིག་རེད། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་དུས་ཐེངས་དང་པོའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ་བརྒྱུད་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་བཅོས་རགས་ཙམ་བྱུང་ཡོད་མོད། འོན་ཀྱང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱུན་མཐུད་ལེགས་བཅོས་ཡོང་བ་བྱེད་དགོས་ན་ད་དུང་སྣོད་བཅུད་ཁ་གསབ་ལམ་སྲོལ་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས”ཞེས་པ་འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་དེ་སྔའི་ཀྲོའུ་ཀྲང་ཝང་ཡུས་ཧུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་བཏོན་གནང་བའི་གྲོས་འགོ་རེད།
           དུས་རབས་20པའི་དུས་དཀྱིལ་ནས་བཟུང་། གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོའི་ཐུན་མོང་ཤུགས་རྐྱེན་ཕོག་པའི་དབང་གིས་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་མ་ལག་གཞི་ཁྱོན་ཆེན་པོ་དང་རྒྱུན་མཐུད་ངང་ཞན་དུ་སོང་ནས་གཙང་ཆུ་རྒྱུག་ཁུལ་གྱི་ས་ཆུ་ཉིན་བཞིན་ཤོར་ཚབས་ཆེ་རུ་ཕྱིན་པ་དང་། ཆུ་འགོའི་ཆུ་རྒྱུག་ཚད་ཆུང་དུ་ཕྱིན་པ། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་ཚབས་ཆེ་རུ་ཕྱིན་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་ཁུལ་གྱི་ཁོར་ཡུག་སྤུས་ཚད་ཞན་དུ་ཕྱིན་པ། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པ་རེད།
          ཝང་ཡུས་ཧུའུ་ཡིས“གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ལས་གྲྭ་ལག་བསྟར་བྱེད་པའི་འགག་རྩ་དེ་ས་ཁོངས་དེའི་ནང་ལེགས་སྐྱེས་འབུལ་བཞིན་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱ་རྒྱུ་དེར་ཐུག་ཡོད། སྲུང་སྐྱོང་དང་འཛུགས་སྐྱོང་ལས་གྲྭ་ལག་བསྟར་བྱ་རྒྱུར་བདེ་བླག་ངང་སྐུལ་འདེད་གཏོང་ཕྱིར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་ཁུལ་དུ་སྣོད་བཅུད་ཁ་གསབ་ལམ་སྲོལ་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ནས་སློབ་གསོ་དང་། ལས་ཞུགས། སྣོད་བཅུད་སྤྱི་ཕན་ལས་གནས་སོགས་སྣོད་བཅུད་ཁ་གསབ་སྲིད་ཇུས་མང་པོ་ལག་བསྟར་བྱས་ཡོད་མོད། འོན་ཀྱང་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་ཁ་གསབ་མིག་སྔར་ལག་ལེན་བསྟར་འགོ་ཚུགས་མ་ཐག་ཡིན་པས་དཀའ་ངལ་མང་དག་ཅིག་འཕྲད་ཡོད” ད་ཡོད་ཀྱི་ཁ་གསབ་རྣམ་གྲངས་མི་ཉུང་བ་ཞིག་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ཁོ་ནའི་གྲས་ཡིན་པས་ཁ་གསབ་ཀྱི་ཚད་གཞི་དམའ་དྲགས་པ་དང་ཞིང་འབྲོག་པའི་རེ་འདོད་དང་ད་དུང་ཧེ་བག་ངེས་ཅན་ལྡན་ཡོད་པས་སྣོད་བཅུད་སྲུང་སྐྱོང་བྱེད་མཁན་གྱི་ཧུར་སེམས་ཞན་དུ་ཕྱིན་ནས་སྔོན་དཔག་གི་སྲིད་ཇུས་ཕན་འབྲས་ཐོན་མེད་ཅེས་གསུངས་པ་རེད།
         ཝང་ཡུས་ཧུའུ་ཡིས“གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་གནས་བབ་གལ་འགངས་ཤིན་ཏུ་ཆེ་བས་དམངས་འཚོ་འགན་ལེན་སོགས་ཐད་དམིགས་བསལ་གྱི་དཀའ་ངལ་ཡོད། ད་ཡོད་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་སྣོད་བཅུད་ཁ་གསབ་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས”ཞེས་གསུངས་ཤིང་། ཁོང་གིས་མཚོ་སྔོན་གྱི་གཙོ་གནད་བྱེད་ནུས་ཁུལ་གྱི་རྒྱ་ཁྱོན་གལ་ཆེན་པོ་ཡིན་པར་བསམ་གཞིག་བྱས་ནས་སྣོད་བཅུད་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་སྐབས་ཧེ་བག་ཅན་གྱི་འདེགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         ཝང་ཡུས་ཧུའུ་ཡིས“རྒྱལ་ཁབ་ཀྱི་རིམ་ངོས་ནས་ལམ་ལུགས་ཀྱི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་མཐུད་བརྟན་ལྷིང་གི་སྣོད་བཅུད་ཁ་གསབ་ལམ་སྲོལ་བཙུགས་ནས་སྣོད་བཅུད་སྤྱི་ཕན་ལས་གནས་དང་། ཆུའི་ཐོན་ཁུངས། འདམ་ར་སོགས་ཁ་གསབ་ཁྱབ་ཁོངས་ནང་བཅུག་སྟེ་སྣོད་བཅུད་སྲུང་སྐྱོང་གི་སྒུལ་ཤུགས་འཕེལ་བ་བྱས་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་གནད་དོན་ཕུགས་རྩ་ནས་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་གསུངས་པ་རེད།