མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏཱ་ལས་གདན་ཞུས་ལྟར་བྱེད་སྒོར་ཞུགས་པའི་གནད་དོན་སྐོར་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་
ཡོད་ཕྱོགས་ལ་འབྲེལ་གཏུག་གྲོས་མོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེ་ཡིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པར་མ་བལྟོས་པར་ཨ་ན་ཨུ་བཙུགས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་འབྲེལ་ཡོད་བྱེད་སྒོར་གདན་དྲངས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་དང་རྒྱབ་འགལ་བྱས་ཏེ་ཨ་ན་ཨུ་བཙུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཀྲོན་ཡོན་གཞོན་པ་བྱེད་སྒོར་ཞུགས་རྒྱུ་བཀོད་སྒྲིག་བྱས་པ་དང་སྦྲགས་འབྲེལ་ཡོད་བྱེད་སྒོ་གཙོ་སྐྱོང་ཡང་བྱེད་བཅུག་པར་ཀྲུང་གོ་ཕྱོགས་ཀྱིས་ཡིད་མི་རང་བའི་རྣམ་འགྱུར་དྲག་པོ་བསྟན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་བཙལ་ཏེ་དྲང་ཞིང་ནན་པའི་འབྲེལ་གཏུག་གྲོས་མོལ་བྱས་ཡོད་ཅེས་གསུངས་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཚེས་11ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་གདན་ཞུས་ལྟར་རི་ནེ་ཝར་བཅའ་སྡོད་ཨ་རི་དང་ཁ་ན་ཏའི་སྐུ་ཚབ་ཚོགས་པས་རི་ནེ་ཝར་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ནོ་པེར་བྱ་དགའ་ཐོབ་མཁན་གྱིས་འགྲོ་བ་མིའི་ཐོབ་ཐང་གླེང་བ”ཞེས་པའི་བྱེད་སྒོར་ཞུགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཀྲོན་ཡོན་གཞོན་པ་ཅི་མོར་བྱེད་སྒོར་ཞུགས་པ་དང་སྦྲགས་འབྲེལ་ཡོད་བྱེད་སྒོ་གཙོ་སྐྱོང་ཡང་བྱས་ཡོད་པ་རེད།
         ཧུང་ལེ་ཡིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་མི་སྣ་རྐྱང་པ་ཞིག་མིན་པར་ཡུན་རིང་ཀྲུང་གོར་ངོ་རྒོལ་གྱི་ཁ་ཕྲལ་བྱེད་སྤྱོད་ཡུན་རིང་སྤེལ་མཁན་ཆབ་སྲིད་ཡུལ་གྱར་པ་ཞིག་རེད། ཁོ་པ་ནི་བོད་རྙིང་པའི་ཞིང་བྲན་བདག་པོ་ཆེ་ཤོས་ཡིན་པས་ཁོ་པར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་གླེང་བའི་ཐོབ་ཐང་མེད། ཀྲུང་གོ་ཕྱོགས་ཀྱིས་ཏཱ་ལས་ཐོབ་ཐང་དང་མིང་གང་རུང་གི་ཐོག་ནས་རྒྱལ་ཁབ་གང་ཞིག་ལ་ཕྱོགས་མྱུལ་ངན་འབྲེལ་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱལ་ཁབ་གང་ཞིག་ཡིན་རུང་དེའི་གཞུང་ཕྱོགས་མི་སྣས་ཏཱ་ལ་དང་རྣམ་པ་གང་གི་ཐོག་ནས་འབྲེལ་གཏུག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཧུང་ལེ་ཡིས་འབྲེལ་ཡོད་རྒྱལ་ཁབ་ནས་བོད་འབྲེལ་གནད་དོན་ཐད་ཀྱི་ཁས་ལེན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་བོད་འབྲེལ་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་སྤེལ་མཚམས་བཞག་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྐུལ་མ་གཏོང་རྒྱུ་ཡིན། དུས་མཚུངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ནས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་》ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་དང་། ཁོངས་ཞུགས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བའི་འབད་བརྩོན་ལ་བརྩི་སྲུང་དང་རྒྱབ་སྐྱོར་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།