མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོར་ཁ་གསབ་
རོགས་དངུལ་སྒོར་དུང་ཕྱུར་1345སྤྲད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་26ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་5ཚེས་24ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་ཉེ་དུས་2016ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་1345གཤམ་སྤྲོད་བྱས་ཤིང་། 2015ལོ་ལས་3%འཕར་ཡོད་པ་རེད།
          ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་འདི་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས“རྩ་ཆག་གཉིས་དང་ཁ་གསབ་གཅིག”དང་། “དམིགས་བསལ་ལས་གནས་ཀྱི་འཆར་གཞི”སོགས་ཀྱི་སྲིད་ཇུས་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་ལམ་སྲོལ་གྱི་འབྲེལ་ཡོད་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གྲོན་དངུལ་གྱི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད་པ་རེད།
         དེ་དང་ཆབས་ཅིག་འདི་ལོ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞིའི་ཚོད་ལྟའི་ལག་བསྟར་ཁུལ་གྱི་ཀྲུང་དབྱང་གི་ཁ་གསབ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་འཁོར་གོང་མའི་ས་གནས་ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་དང་། སྒྲིག་འཛུགས་དོ་དམ། ལག་བསྟར་བྱས་འབྲས་སོགས་རྒྱུ་རྐྱེན་ལ་གཞིགས་ནས། ལོ་འདིའི་བྱ་དགའ་ཁ་གསབ་ཀྱི་མ་དངུལ་གཏན་འཁེལ་བྱ་རྒྱུ་རེད། དེས་མ་ཚད་ས་གནས་ཁག་ལ་ས་གནས་ཀྱི་ཚོད་ལྟའི་ལག་བསྟར་ཁྱབ་ཁོངས་རྒྱ་ཆེར་གཏོང་སྐབས། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ལ་སྔོན་ལ་བསམ་གཞིག་བྱེད་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད།