མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཞིས་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་20ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཞིས་དང་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཞིས་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་མོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་བར་མཐོ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་རྒྱུའི་ཞལ་ཆད་གནང་བ་རེད།
          ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་མུ་མཐུད་བྱས་ནས་ཀྲུང་མོའི་མཛའ་གྲོགས་མཉམ་ལས་ཀྱི་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་དགོས་པ་དང་། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་གི་རྣམ་པ་ཡག་པོ་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་སྡེ་ཚན་དང་། སྲིད་སྐྱོང་ཏང་། ཁྲིམས་འཛུགས་སྒྲིག་གཞི། དམག་དཔུང་། ས་གནས་བཅས་ཀྱི་མཛའ་གྲོགས་འགྲོ་འོང་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་འཆར་འགོད་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་ལ་རྒྱལ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རོགས་བྱས་ཏེ་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་མཐོ་རུ་གཏོང་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་ཐོན་ནུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མོ་ཙམ་པི་ཁེ་ཕྱོགས་ལ་ཕུན་སུམ་ཚོགས་པའི་རང་བྱུང་དང་མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དངོས་ཤུགས་སུ་སྒྱུར་རྒྱུར་རོགས་རམ་བྱེད་འདོད་ཡོད། དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་མཉམ་ལས་གྲོས་འགོའི་སྒྲོམ་གཞིའི་ནང་མོ་ཙམ་པི་ཁེ་ཕྱོགས་དང་རྒྱ་མཚོའི་དཔལ་འབྱོར་དང་། རྒྱ་མཚོའི་ཉ་ལས། གྲུ་ཁ་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་ཡང་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་མོ་ཙམ་པི་ཁེའི་རང་བྱུང་སོལ་རླངས་གསར་སྤེལ་དང་། ལས་སྣོན་བཟོ་སྐྲུན་ལས་རིགས། ཞིང་ལས་བཅས་ལ་མ་འཇོག་བྱ་རྒྱུར་རོགས་རམ་བྱ་རྒྱུ་མ་ཟད། མོ་ཙམ་པི་ཁེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་པ་དང་། མི་ཤུགས་ཐོན་ཁུངས་ཀྱི་གསར་སྤེལ་མཉམ་ལས་རྒྱ་ཆེར་བཏང་ནས་མོ་ཙམ་པི་ཁེར་མི་རིགས་ལག་ཤེས་བཟོ་ལས་ཀྱི་མ་ལག་གཏོད་རོགས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་རིག་གནས་དང་། སློབ་གསོ། ཡུལ་སྐོར། སྨྱན་སྦྱོར། རིག་མཛོད། གཞོན་ནུ། བུད་མེད་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་། 2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ། ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་སོགས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་སྐོར་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་རྩ་འཛུགས་དང་ལམ་སྲོལ་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་ཟབ་ཏུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།
         གྲོས་མོལ་གྲོལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ལག་རྩལ་དང་། ཐོན་ནུས། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཚུལ་ལ་མཉམ་དུ་བདེན་དཔང་གནང་བ་རེད།