མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མཱའི་ཀྲུའུ་ཞི་ནཱ་ལུའེ་ཧྲེན་ཅིན་དང་མཇལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་10ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མཱའི་ཀྲུའུ་ཞི་ནཱ་ལུའེ་ཧྲེན་ཅིན་དང་མཇལ་
འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མཱའི་ཀྲུའུ་ཞི་ནཱ་ལུའེ་ཧྲེན་ཅིན་དང་མཇལ་འཛོམས་གནང་བ་རེད།
           ཞིས་ཅིན་ཕིང་གིས་དང་ཐོག་ནཱ་ལུའེ་ཧྲེན་ཅིན་ནས་ཙུང་ཐུང་ཕུའུ་ཅིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞེས་གསུངས་ཤིང་། ཁོང་གིས་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་འཚམ་ཡོད། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་འཛམ་གླིང་གི་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་སྤྱོད་བཅས་ཀྱི་ལོ་རྒྱུས་རླབས་རྒྱུན་དང་འཚམ་པ་བྱེད་དགོས་ཞེས་གསུངས་པ་དང་། ང་དང་ཙུང་ཐུང་ཕུའུ་ཅིང་དབར་ཐུན་མོང་གི་ངོས་འཛིན་བྱུང་བ་དང་། དུས་མཚམས་རྗེས་མའི་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ལྟེ་བའི་ལས་འགན་ནི་རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་འབྲེལ་བའི་ལེགས་ཆ་དེ་དངོས་སྒྲུབ་མཉམ་ལས་དང་རྒྱལ་སྤྱིའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བ་ཐོབ་རྒྱུར་བསྒྱུར་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་དགོས། འདི་ལོ་ནི“ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་15འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་དེ་གོ་སྐབས་སུ་བཟུང་ནས་ཆིངས་ཡིག་ནང་གཏན་ལ་ཕབ་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འདུ་ཤེས་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཡུན་རིང་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་སྲ་ཞིང་བརྟན་པའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་འདིང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་ཨུའི་དབྱི་ཧུའེ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ཁྲིམས་འཛུགས་ལས་ཁུངས་ཀྱིས་དམངས་ཀྱི་འདོད་བློ་མཚོན་པར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཕྱོགས་གཉིས་པོས་ཆ་འཕྲིན་ཤར་བགྲོད་དང་། ཤེས་ལྡན་མི་སྣ་ལྷན་འཛོམས། འབྲེལ་གཏུག་རྒྱ་ཁྱབ་བཅས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱེད་པ་དང་། དུས་བཀག་ལྟར་སྤེལ་རེས་ལམ་སྲོལ་གྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱེད་པ། རྒྱལ་སྲིད་སྐྱོང་སྟངས་དང་ཁྲིམས་འཛུགས་ལྟ་སྐུལ་སོགས་ཐད་ཀྱི་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་མིག་ལྟོས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
           ནཱ་ལུའེ་ཧྲེན་ཅིན་གྱིས་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་འགྲོ་འོང་ཐད་དམིགས་བསལ་གྱི་སྔོན་ལ་ལག་བསྟར་བྱེད་པའི་ཁ་ཕྱོགས་ཤིག་ལ་བརྩི་རྒྱུ་དང་། མིག་སྔར། ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་མ་ཟད། རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་དཔེ་མཚོན་ཞིག་ཏུ་གྱུར་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གལ་ཆེའི་རྒྱུ་རྐྱེན་ཞིག་ཀྱང་ཡིན། ཨུ་རུ་སུའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་སྤེལ་རེས་ལམ་སྲོལ་གྱི་བྱེད་སྒོ་ཡག་པོ་གཉེར་ནས་ཨུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།