མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དུས་རབས་ཀྱི་རྗེས་སུ་སྙེག་པ་དང་། རང་འགན་གཙང་མར་སྒྲུབ་པ། འབད་འབུངས་ཡར་
བརྩོན་བཅས་བྱས་ནས་ཐུན་མོང་གི་ཕུགས་བསམ་དང་དམིགས་ཚད་
ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་03ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།དུས་རབས་ཀྱི་རྗེས་སུ་སྙེག་པ་དང་། རང་འགན་གཙང་མར་སྒྲུབ་པ། འབད་འབུངས་ཡར་
བརྩོན་བཅས་བྱས་ནས་ཐུན་མོང་གི་ཕུགས་བསམ་དང་དམིགས་ཚད་
ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཨན་ཧུའེ་ཧོ་ཕེ་རུ་འཚོགས་པའི་ཤེས་ཡོན་ཅན་དང་། ངལ་རྩོལ་དཔེ་བཟང་བ། གཞོན་ནུའི་འཐུས་མི་བཅས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གོམ་གང་མདུན་སྤོས་ཀྱིས་མངོན་འགྱུར་ཐུབ་པ་དགོས་ན་ངེས་པར་དུ་རྒྱ་ཆེའི་ཤེས་ཡོན་ཅན་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས། རྒྱ་ཆེའི་གཞོན་ནུ་བཅས་ལ་བརྟེན་དགོས། རྒྱ་ཆེའི་ཤེས་ཡོན་ཅན་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས། རྒྱ་ཆེའི་གཞོན་ནུ་བཅས་ཀྱིས་དུས་རབས་ཀྱི་རྗེས་སུ་སྙེག་དགོས་པ་དང་། རང་འགན་གཙང་མར་སྒྲུབ་དགོས་པ། འབད་འབུངས་ཡར་བརྩོན་བྱེད་དགོས་པ་མ་ཟད། ད་དུང་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་གཅིག་ཏུ་སྦྲེལ་ནས་ཐུན་མོང་གི་ཕུགས་བསམ་དང་དམིགས་ཚད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་ཤེས་ཡོན་ཅན་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས། རྒྱ་ཆེའི་གཞོན་ནུ་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང“ལྔ་བཞི”གཞོན་ནུའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་པ་རེད།
           ཟླ་4ཚེས་26ཉིན། ཞིས་ཅིན་ཕིང་གིས་ཧོ་ཕེ་རུ་བརྟག་ཞིབ་གནང་རིང་ད་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཨན་ཧུའེ་ཞིང་ཆེན་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཤེས་ཡོན་ཅན་དང་། ངལ་རྩོལ་དཔེ་བཟང་བ། གཞོན་ནུའི་འཐུས་མི་བཅས་70ལྷག་ཙམ་དང་བཞུགས་མོལ་གནང་བ་རེད།
           བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་ཀྲུང་གོ་ཚན་རྩལ་སློབ་ཆེན་གྱི་རྒྱུན་ལས་སློབ་སྤྱི་གཞོན་པ་ཕན་ཅན་ཝུའེ་དང་། ཀྲུང་གོ་ལས་གྲྭ་ཁང་གི་ཡོའན་ཧྲི་ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པ་ཀུང་སིའི་ཞིབ་འཇུག་ཁང་སོ་དྲུག་པའི་མཐོ་རིམ་བཟོ་བཀོད་པ་དབྱང་ཞའོ་ཉིའུ། ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སིའི་701ཞིབ་འཇུག་ཁང་གི་མཐོ་རིམ་བཟོ་བཀོད་པ་དང་གནམ་ཐང་གྲུ་གཟིངས་ཀྱི་དམིགས་བསལ་སྒྲིག་ཆས་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་གཞོན་པ་ཝང་ཀྲེ་གོ རྒྱལ་ཁབ་གློག་དྲ་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཀུང་སི་སུའུ་ཀྲོའུ་གློག་འདོན་ཀུང་སིའི་འདྲེན་བཤེར་པུའི་གློག་ལྡན་ལས་བྱེད་པན་གྱི་པན་ཀྲང་ཞུའེ་ཆི་ཅིན། ཨན་ཧུའེ་ཨའེ་ཁེ་ལན་ཁོར་ཡུག་སྲུང་སྐྱོང་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཆི། ལྷོ་ནུབ་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལུའོ་ལིང་ཕེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་བྱས་ཤིང་། ཁོང་ཚོས་རང་ཉིད་ཀྱི་སློབ་སྦྱོང་དང་ལས་ཀ་དང་ཟུང་འབྲེལ་བྱས་ཁར་ཚན་རྩལ་གསར་གཏོད་དང་། ངལ་རྩོལ་གསར་གཏོད། ལང་ཚོ་ལེགས་སྐྱེས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ཤེས་བྱ་དང་མྱོང་ཚོར་ལྷུག་པོར་གླེང་ལ་གྲོས་འགོ་ཡང་བཏོན་པ་རེད། ཞིས་ཅིན་ཕིང་གིས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་བ་དང་ཁོང་ཚོ་དང་སྤེལ་རེས་གནང་བས་ཚོགས་ར་ཡོངས་ལ་མཛའ་ཞིང་བརྩེ་ལ་གཟབ་ཅིང་ནན་པའི་རྣམ་པས་ཁེངས་ཡོད་པ་རེད།
           ཞིས་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་ནི་བརྗིད་རླབས་ཤིན་ཏུ་ཆེ་ལ་དཀའ་ཚེགས་ཀྱང་ཤིན་ཏུ་ཆེ་བའི་བྱ་གཞག་ཅིག་རེད། རླབས་ཆེན་བསྐྱར་དར་ཡོང་བ་བྱེད་དགོས་ན། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མང་སེམས་མཐུན་ན་ལྕགས་རི་ཡིན་པ་དང་མི་བརྒྱ་སེམས་གཅིག སྟོབས་ཤུགས་མཐའ་དག་གཅིག་སྒྲིལ་དང་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱེད་དགོས། རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་རེད། ཤེས་ཡོན་ཅན་ནི་བཟོ་པའི་གྲལ་རིམ་གྱི་ཆ་ཤས་དང་། ངལ་རྩོལ་མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ། གཞོན་ནུ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་བཅས་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་དོན་དངོས་སུ་འགྱུར་བ་བྱེད་དགོས་ན། རྒྱ་ཆེའི་ཤེས་ཡོན་ཅན་གྱིས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པའི་ཁར་འགན་འཁུར་ཕོད་པ་དང་། གསར་གཏོད་བྱེད་ཕོད་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མི་དམངས་ཀྱི་དྲིན་ལན་འཇལ་བ་བཅས་བྱས་ནས་གལ་འགངས་ཆེ་བའི་ཤེས་ཡོན་ཅན་གྱི་འདེགས་སྐྱོར་དང་། རིག་སྟོབས་ཀྱི་འདེགས་སྐྱོར། གསར་གཏོད་ཀྱི་འདེགས་སྐྱོར་བཅས་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་དགོས་པ་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་བ་མིག་དཔེར་འཛིན་ཁར། ལས་གནས་ལས་བཀུར་དང་། ལས་ཀ་ཧུར་ཐག འབད་འབུངས་ཡར་བརྩོན། བློ་ཁོག་ཆེན་པོས་གསར་གཏོད་བཅས་བྱེད་པའི་ཐོག་ནས་དུས་རབས་གསར་པའི་ངལ་རྩོལ་པའི་གླུ་གཞས་རྒྱུན་ཆད་མེད་པར་རྩོམ་དགོས། རྒྱ་ཆེའི་གཞོན་ནུ་ཚོས་རང་ཉིད་ཀྱི་ཕུགས་བསམ་ཆེན་པོ་དང་སེམས་ཤུགས་གང་ལེགས་མངོན་པར་བྱེད་པའི་ཁར་ཕུགས་བསམ་རྒྱུན་འཆང་དང་། ཀུན་སྤྱོད་ལེགས་གཏོང་། ཏན་ཏན་ཏིག་ཏིག དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྒོ་ནས་ལང་ཚོ་སྐྱེས་སུ་འབུལ་བའི་དུས་རབས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས་ཞེས་བསྟན་གནང་བ་རེད།
           ཞིས་ཅིན་ཕིང་གིས་དཔའ་ངར་ཆེན་པོས་མདུན་སྐྱོད་དང་གསར་གཏོད་ལ་སྣེ་ཁྲིད་བྱ་རྒྱུ་ནི་རྒྱ་ཆེའི་ཤེས་ཡོན་ཅན་ཚོར་ལྡན་དགོས་ངེས་ཀྱི་ཀུན་སྤྱོད་རེད། རྒྱ་ཆེའི་ཤེས་ཡོན་ཅན་གྱིས་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱེད་པ། གསར་གཏོད་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་བཅས་ཀྱི་ཐོག་བསམ་ཚུལ་ངོ་མཚར་ཅན་དང“གཟུགས་མེད་གྲིབ་བཟོ”བྱེད་ལ་ཀུན་གྱི་ཁྱད་ཆོས་བསྡུ་ལེན་བྱས་ནས་སྙིང་རུས་ཆེན་པོས་བྱ་གཞག་བསྒྲུབ་རྒྱུའི་གྲ་སྒྲིག་བྱེད་དགོས། མི་སྒེར་གྱི་གསར་གཏོད་ལ་བརྩི་འཇོག་བྱེད་པ་དང་དུས་མཚུངས་སུ་མཉམ་སྡེབ་འགག་སྒྲོལ་གྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་པོ་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོར་ཁ་ཕྱོགས་རྒྱུ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་པར་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཚོགས་དང་མི་དམངས་ལ་ཕན་པ་དེ་བས་མང་བ་དང་མགྱོགས་པ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
            ཞིས་ཅིན་ཕིང་གིས་ཤེས་ཡོན་ཅན་གྱི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན། དེར་བརྟེན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཤེས་བྱར་བརྩི་འཇོག་དང་། ཤེས་ལྡན་མི་སྣར་བརྩི་འཇོག ཤེས་ཡོན་ཅན་ལ་ཡིད་ཆེས་གང་ལེགས་བཅས་བྱས་ནས་ཤེས་ཡོན་ཅན་གྱི་ལས་བྱེད་ལས་གཏོད་ལ་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་ཞིག་མགྱོགས་མྱུར་ཆགས་པ་བྱེད་དགོས་པ་དང་། རྒྱ་ཆེའི་ཤེས་ཡོན་ཅན་གྱིས་འཇོན་ཐང་དང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཞིས་ཅིན་ཕིང་གིས་ངལ་རྩོལ་དཔེ་བཟང་བ་ནི་ངལ་རྩོལ་མང་ཚོགས་ཀྱི་ཕུལ་བྱུང་གི་འཐུས་མི་ཡིན་ལ་ངལ་རྩོལ་པ་ཡག་ཤོས་ཀྱང་ཡིན། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་དཔེ་བཟང་བའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ངལ་རྩོལ་དཔེ་བཟང་བས་འཇོན་ཐང་ངོམས་པ་དང་བསམ་པའི་ཀུན་སྤྱོད་མངོན་པར་བྱ་རྒྱུར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
            ཞིས་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མི་རབས་ནས་མི་རབས་བར་གྱི་ཕུགས་བསམ་ཡོད་པའི་གཞོན་ནུ་ཚོས་མུ་མཐུད་འབད་བརྩོན་བྱེད་དགོས་པ་དང་། རྒྱ་ཆེའི་གཞོན་ནུ་ཚོས་རྒྱལ་ཁབ་སྟོབས་འབྱོར་དང་མི་དམངས་བདེ་སྐྱིད་ཡོང་བ་བྱ་རྒྱུ་དེ་རང་འགན་དུ་བརྩིས་ཁར་ཕུགས་བསམ་རྒྱུན་འཆང་དང་མིག་རྒྱང་རིང་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་དེའི་ཆེད་ཚེ་གང་རིང་འབད་པ་བྱེད་དགོས། བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་རང་འགུལ་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས་ཡ་རབས་ཀུན་སྤྱོད་ཅིག་རྒྱུན་ཆད་མེད་པར་འཇགས་པར་བྱེད་དགོས། དཀའ་སྤྱད་འབད་འཐབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྐྱིད་པོ་བྱས་ནས་སྡོད་རྒྱུ་མི་བསམ་པ། དཀའ་ངལ་ལ་མི་སྐྲག་པ། ཁག་དཀྲི་མི་འདོགས་པ་བཅས་བྱས་ཏེ་འབད་བརྩོན་དང་རྔུལ་ཆུར་བརྟེན་ནས་མི་ཚེ་དང་བྱ་གཞག་གི་མདུན་ལམ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།