མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་བཞུགས་མོལ་ཚོགས་
འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་19ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་བཞུགས་མོལ་ཚོགས་
འདུ་གཙོ་སྐྱོང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་རང་བྱུང་ཚན་རིག་དར་རྒྱས་མེད་པའི་རྒྱལ་ཁབ་ཅིག་འཛམ་གླིང་གི་མདུན་གྲལ་དུ་སྐྱོད་མི་ཐུབ་ལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཕུན་སུམ་ཚོགས་པོ་མེད་པའི་རྒྱལ་ཁབ་ཀྱང་འཛམ་གླིང་གི་མདུན་གྲལ་དུ་སྐྱོད་མི་ཐུབ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཐད་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་གལ་ཆེན་ལྡན་ཡོད་པ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ལྡན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་ཚད་མཐོའི་མཐོང་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་དང་ཟུང་འབྲེལ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གཏོད་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་རུའུ་ཤིན་དང་། པེ་ཅིང་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ལིན་དབྱི་ཕུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲུང་ཅུན། ཏུན་ཧོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྥན་ཅིན་ཧྲེ། ཕུའུ་ཏན་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཀྲང་ཝུའེ་ཝུའེ། པེ་ཅིང་དགེ་འོས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁང་ཀྲེན། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མ་ཧོའེ་ཏེ། ཝུའུ་ཧན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧྲེན་ཀྲོང་ཧའེ། རྒྱལ་སྲུང་སློབ་ཆེན་འཐབ་ཇུས་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཅིན་དབྱི་ནན། ཀྲུང་གོ་མི་དམངས་སློབ་ཆེན་ཁྲུང་དབྱང་དངུལ་རྩ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཝུན་ཤན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཞིང་། ཁོང་ཚོས་མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཚན་རིག་སྤྱི་ཚོགས་རིང་ལུགས། ལོ་རྒྱུས་རིག་པ། ཆབ་སྲིད་རིག་པ། རྩོམ་རིག ཁྲིམས་རིག་པ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། དམག་དོན་རིག་པ་སོགས་ཀྱི་རིག་ཚན་དང་ཁྱབ་ཁོངས་ཀྱི་ཞིབ་འཇུག་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་བྱས་པ་དང་འབྲེལ་ཇི་ལྟར་བྱས་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
         ཞིས་ཅིན་ཕིང་གིས་ཚང་མའི་གཏམ་བཤད་གཟབ་ནན་ངང་གསན་ཞོར་དུ་འབྲེལ་ཡོད་གླེང་གཞིའི་ཐད་མཁས་དབང་ཚོ་དང་ལྷན་དུ་གྲོས་བསྡུར་གཏིང་ཟབ་གནང་བ་རེད། ཚང་མས་གཏམ་བཤད་སྤེལ་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་གཏམ་བཤད་སྤེལ་མཁན་བློ་མཐུན་ཚོས་ཡག་པོ་གསུངས་སོང་། མང་ཆེ་བ་ནི་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་དང་སེམས་གཏིང་གི་སྐད་ཆ་ཤ་སྟག་ཡིན་པས་ཉན་རྗེས་བློ་སྒོ་ཡག་པོ་འབྱེད་སོང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་ལྟ་ཞིབ་བྱེད་པར་མཐོང་རྒྱ་ཡངས་པོ་ཞིག་དགོས་པ་དང་འཛམ་གླིང་དང་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆེན་པོའི་ཁྲོད་ནས་ལྟ་ཞིབ་བྱེད་དགོས། མིའི་རིགས་ཀྱི་སྤྱི་ཚོགས་མཆོང་སྐྱོད་གལ་ཆེན་བྱུང་རིམ་བཞིན་དང་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་གལ་ཆེན་བྱུང་རིམ་བཞིན་ཚང་མ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱའི་འཕོ་འགྱུར་དང་བསམ་བློའི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། ད་ཆ་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཞིབ་འཇུག་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ། ཞིབ་འཇུག་ཆུ་ཚད་མཐོ་རུ་དང་གསར་གཏོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་བྱུང་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དུས་བབ་གསར་པའི་འོག་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གནས་བབ་དེ་བས་གལ་ཆེ་བ་དང་ལས་འགན་དེ་བས་ལྕི་བ་ཡོད། སྤྱི་ཚོགས་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་དུས་སྐབས་ནི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་ཆེན་པོ་བྱུང་བའི་དུས་སྐབས་ཤིག་ཡིན་ངེས་པ་ལོ་རྒྱུས་ལས་ར་འཕྲོད་ཐུབ་ཡོད། དེང་སྐབས་ཀྲུང་གོར་རང་རྒྱལ་ལོ་རྒྱུས་ཐོག་གི་རྒྱ་ཁྱབ་ཆེ་ལ་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་འཕོ་འགྱུར་འགྲོ་བཞིན་ཡོད་ལ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་བརྗིད་རླབས་ཆེ་ལ་ཐུན་མོང་མ་ཡིན་པའི་ལག་ལེན་གསར་གཏོད་བྱེད་བཞིན་ཡོད། སྔར་བྱུང་མ་མྱོང་བའི་རླབས་ཆེན་ལག་ལེན་དེ་རིགས་ཀྱིས་རིགས་པའི་གཞུང་ལུགས་གསར་རྩོམ་དང་རིག་གཞུང་དར་རྒྱས་ཡོང་ཆེད་སྒུལ་ཤུགས་ཆེན་པོ་དང་བར་མཐོངས་ཆེན་པོ་མཁོ་འདོན་ཐུབ་ངེས་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་དེང་སྐབས་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གཞན་དག་དང་མི་འདྲ་བའི་གཞི་རྩའི་མཚོན་རྟགས་ཤིག་ཡིན་པས་ངེས་པར་དུ་དར་ཆ་གསལ་སྟོན་ངང་མཐའ་འཁྱོངས་བྱེད་དགོས། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་འགན་གལ་ཆེན་ཞིག་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། སྤྱི་དམངས་ཅན་བཅས་སུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་མུ་མཐུད་འཕེལ་རྒྱས་གཏོང་རྒྱུ་དེ་རེད།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་དངོས་འབྲེལ་རྟོགས་པ་དང་དངོས་འབྲེལ་ཡིད་ཆེས་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། སྲོག་ཤིང་ནི་མི་སུའི་ཆེད་དུ་ཡིན་པའི་གནད་དོན་ཐག་གཅོད་བྱས་ཏེ་མཐར་གཏུག་ཇི་ལྟར་བེད་སྤྱོད་བྱེད་མིན་དོན་འཁྱོལ་བྱེད་དགོས། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཐད་གྲུབ་འབྲས་ཐོབ་པ་བྱེད་པར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་ཞིབ་འཇུག་གི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གཏོད་པར་ཀྲུང་གོར་གཞི་ཚུགས་པ་དང་། ཕྱི་རྒྱལ་ལ་སློབ་སྦྱོང་། ལོ་རྒྱུས་སྔོག་འདོན་དང་། དེང་སྐབས་སྟངས་འཛིན། མིའི་རིགས་ལ་སེམས་ཁུར། འབྱུང་འགྱུར་ལ་ཕྱོགས་པའི་བསམ་བློ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ནུས་ལྡན་བཏོད་དེ་མཛུབ་ཁྲིད་བསམ་བློ་དང་། རིག་ཚན་མ་ལག རིག་ལམ་མ་ལག སྐད་ཆའི་མ་ལག་སོགས་ཀྱི་ཐད་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་བརྗིད་ཉམས་བཅས་མངོན་པར་བྱེད་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གཏོད་པར་གཅིག་ནས་རྒྱུན་འཛིན་རང་བཞིན་དང་མི་རིགས་རང་བཞིན་མངོན་པར་བྱེད་དགོས་པ་དང་། གཉིས་ནས་གསར་གཏོད་རང་བཞིན་དང་དུས་རབས་རང་བཞིན་མངོན་པར་བྱེད་དགོས་པ། གསུམ་ནས་མ་ལག་རང་བཞིན་དང་ཆེད་ལས་རང་བཞིན་མངོན་པར་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གཏོད་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་དང་ཧ་ཅང་ལྕི་བའི་ལས་འགན་ཞིག་ཡིན་པས་རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱས་ནས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་ནི་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་དར་རྒྱས་འཕེལ་རྒྱས་ཡོང་བའི་གཞི་རྩའི་འགན་ལེན་ཞིག་རེད། དེར་བརྟེན་རིམ་ཁག་ཏང་ཨུད་ཀྱིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་ཆབ་སྲིད་ཐད་འགོ་ཁྲིད་དང་ལས་དོན་ཐད་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ནི་ཤེས་ཡོན་ཅན་མང་པོ་འདུ་གནས་ཤིག་ཡིན་པས་དཔུང་ཁག་དེར་སེམས་ཁུར་དང་། གསོ་སྐྱོང་། བེད་སྤྱོད་བཅས་ཡག་པོ་བྱས་ནས་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པ་རྣམས་སྔོན་ཐོན་བསམ་བློ་དར་སྤེལ་གཏོང་མཁན་དང་། རིག་གཞུང་ཞིབ་འཇུག་གི་གསར་འབྱེད་པ། སྤྱི་ཚོགས་གོམས་སྲོལ་གྱི་སྣེ་ཁྲིད་པ། ཏང་གིས་སྲིད་སྐྱོང་བའི་འགྱུར་མེད་ཀྱི་རྒྱབ་སྐྱོར་མཁན་བཅས་སུ་འགྱུར་བ་བྱེད་དགོས།
         ཞིས་ཅིན་ཕིང་གིས་རིགས་པའི་གཞུང་ལུགས་གསར་གཏོད་དང་ཤེས་བྱ་གསར་གཏོད་དར་སྤེལ་གཏོང་བ་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་བྱས་ནས་འདྲ་མཉམ་དང་། སྐྱོན་བྲལ། འཁྲུག་པོ། གནད་ལུགས་ཁུངས་བཙན་བཅས་ཀྱི་རིག་ལམ་འགྲན་གླེང་བྱས་ནས་རིག་ལམ་གྱི་རྣམ་པ་འཁྲུག་ཏུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།