མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གྲོང་གསེབ་སྒྱུར་བཅོས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་
བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་03ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་གྲོང་གསེབ་སྒྱུར་བཅོས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་
བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཨན་ཧུའེ་ཧྥེང་དབྱང་རྫོང་ཞའོ་ཀང་གྲོང་ཚོར་གྲོང་གསེབ་སྒྱུར་བཅོས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་གོ་སྟོབས་འབྱོར་ལྡན་དགོས་ན་ངེས་པར་དུ་ཞིང་ལས་དར་རྒྱས་གཏོང་དགོས་པ་དང་། ཀྲུང་གོ་མཛེས་སྡུག་ལྡན་དགོས་ན་ངེས་པར་དུ་གྲོང་གསེབ་མཛེས་སྡུག་ལྡན་པ་བྱེད་དགོས་པ། ཀྲུང་གོ་འབྱོར་ཕྱུག་ལྡན་དགོས་ན་ངེས་པར་དུ་ཞིང་པ་ཕྱུག་པོ་ཆགས་པ་བྱེད་དགོས། “ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་བབ་གསར་པའི་འོག་གྲོང་གསེབ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་སྦྱར། ཞིང་པ་ཕྱུག་འགྱུར་བཅས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། གྲོང་གསེབ་ཞི་མཐུན་བརྟན་ལྷིང་ཡོང་བ་བྱ་རྒྱུ། ཞིང་པ་བདེ་སྡོད་ལས་བརྩོན་ཡོང་བ་བྱ་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཨན་ཧུའེ་རུ་བརྟག་ཞིབ་གནང་རིང་། ཟླ་4ཚེས་25ཉིན་གྱི་ད་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ས་གནས་དེ་གའི་གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་དང་། ཞའོ་ཀང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། འགན་གཙང་ཆེ་མོའི་སྣེ་ཁྲིད་པ། གྲོང་མིའི་འཐུས་མི་བཅས་དང་བཞུགས་མོལ་གནང་བ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག་ཁྲུའུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་མིང་དང་། ཧྥེང་དབྱང་རྫོང་ཨུད་ཀྱི་ཧྲུའུ་ཅི་སྨི་ཏེ་ཁྲེང་། ཞའོ་ཀང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་ཞའོ་ལིན། འགན་གཙང་ཆེ་མོའི་་སྣེ་ཁྲིད་པའི་འཐུས་མི་ཡན་ཅུན་ཁྲང་། འབྲུ་འདེབས་དུད་ཚང་ཆེ་མོའི་འཐུས་མི་ཁྲེང་ཤིས་པིང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
         ཚང་མའི་གཏམ་བཤད་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཞའོ་ཀང་གྲོང་ཚོ་ནི་གྲོང་གསེབ་སྒྱུར་བཅོས་ཀྱི་འབྱུང་གཞི་གཙོ་བོ་ཞིག་རེད། ཞའོ་ཀང་གྲོང་ཚོའི་འགན་གཙང་ཡུག་ལེན་སོགས་ཞིང་ལས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་རྨང་གཞིའི་ཐོག་ཆགས་པའི་ཁྱིམ་ཚང་གིས་འགན་གཙང་གཉེར་སྐྱོང་བྱེད་རྒྱུ་རྨང་གཞིར་བྱེད་པ་དང་། གཅིག་གྱུར་དང་ཁག་བགོས་ཟུང་འབྲེལ་བྱེད་པའི་གཉེར་སྐྱོང་ལམ་ལུགས་ཉིས་བརྩེགས་ནི་རང་རེའི་ཏང་གིས་གྲོང་གསེབ་ལ་འཛིན་པའི་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། གྲོང་གསེབ་སྒྱུར་བཅོས་ཀྱི་རླབས་ཆེན་ལག་ལེན་གྱིས་རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་དང། ཞིང་པའི་འཚོ་བ། གྲོང་གསེབ་ཀྱི་རྣམ་པ་བཅས་ལ་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་ཞིང་ལས་ནི་སྔར་བཞིན་དེང་རབས་ཅན་འཛུགས་སྐྲུན་གྱི་མི་འདང་བའི་ལྷུ་ཚིགས་ཤིག་ཡིན་པ་དང་། གྲོང་གསེབ་ནི་སྔར་བཞིན་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་ཁྲོད་ཀྱི་ཞན་ཆ་ཞིག་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ། “ཞིང་གསུམ”ལས་དོན་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱས་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ས་ཞིང་འགན་གཙང་ལེན་དབང་དང་ས་ཞིང་རྒྱུན་འཁོར་གྱི་གཉེར་སྐྱོང་དབང་ཆ་རང་སོར་བཞག་སྟེ་ཞིང་པའི་འདོད་བློ་དང་བསྟུན་ནས། ཞིང་པའི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་དེ་འགན་གཙང་ལེན་དབང་དང་གཉེར་སྐྱོང་དབང་ཆ་གཉིས་སུ་དབྱེ་ནས། འགན་གཙང་ལེན་དབང་དང་གཉེར་སྐྱོང་དབང་ཆ་གཉིས་ཁག་དབྱེ་མཉམ་སྐྱོད་བྱ་རྒྱུ་ནི་གྲོང་གསེབ་སྒྱུར་བཅོས་ཐད་སླར་ཡང་ལམ་ལུགས་གསར་གཏོད་གལ་ཆེན་བྱས་པ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་བྱེད་པར་རྒྱུ་རྐྱེན་གཙོ་བོ་མང་པོ་ཞིག་མཉམ་འགུལ་བྱེད་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག གྲོང་གསེབ་ཀྱི་མཉམ་སྡེབ་མ་རྩའི་བདག་དབང་དུད་ཚང་ལ་སྤྲོད་རྒྱུ་དང་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་མ་ལག་དཔེ་གསར་འཛུགས་སྐྲུན་མགྱོགས་པོ་བྱེད་པ། མཁོ་ཚོང་མཉམ་ལས་ཁང་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་གཞན་སྒྱུར་མི་འབོར་གོ་རིམ་ལྡན་པའི་སྒོ་ནས་གྲོང་མིར་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཞི་གཅིག་ཅན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་གྲོང་གསེབ་འཕེལ་རྒྱས་མགྱོགས་པོ་གཏོང་བར་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དང་། ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུ་བཅས་ལས་འགན་ཆེན་པོ་གསུམ་དམ་འཛིན་ལྷོད་མེད་བྱེད་དགོས་པ་སྟེ། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བར་འབྲུ་རིགས་ཐོན་སྐྱེད་བརྟན་པོར་གཏོང་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ནས་དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་འཛུགས་རྒྱུ་དང་ལས་རིགས་ཞིང་པའི་དཔུང་ཁག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་བྱང་ཚད་མཐོ་བའི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་པའི་དཔུང་ཁག་ཅིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་གྲོང་གསེབ་བརྟན་ལྷིང་ཡོང་བ་བྱེད་པ་ནི་རྒྱ་ཆེའི་ཞིང་པའི་བདེ་རྩར་ཐུག་པའི་ཁེ་ཕན་ཡིན་ཏེ། གྲོང་གསེབ་ཀྱི་ས་རྒྱ་ཧ་ཅང་ཆེ་བ་དང་། ཞིང་པ་ཁ་ཐོར་དུ་གནས་པ། ཡུལ་སོ་སོའི་གོམས་སྲོལ་མི་འདྲ་བ་བཅས་ཀྱི་རྐྱེན་གྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་ཡང་ན་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པར་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་སྔོན་ཐོབ་ཁ་ཕྱོགས་སུ་བཟུང་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྒྲིག་དང་། ཁྲིམས་ལྟར་བཅོས་སྒྲིག ཕྱོགས་བསྡུས་བཅོས་སྒྲིག འབྱུང་རྩ་ནས་བཅོས་སྒྲིག་བཅས་ཀྱི་འདུ་ཤེས་ཆགས་པར་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་གིས་གྲོང་གསེབ་ལས་དོན་དོ་དམ་བྱེད་པའི་རང་རེའི་སྲོལ་རྒྱུན་འདི་དོར་མི་རུང་། རིམ་ཁག་ཏང་ཨུད་ཀྱིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོ་གྲོང་གསེབ་དང་ཞིང་པའི་ཁྱིམ་དུ་མང་ཙམ་བསྐྱོད་དེ་ཁོང་ཚོའི་རེ་ཞུ་དང་རེ་སྒུག་ཤེས་རྟོགས་བྱས་ཐོག་གྲོང་གསེབ་སྤྱི་ཚོགས་ཀྱི་འགལ་བ་ཐག་གཅོད་བྱས་ཏེ། ལྷག་བསམ་རྣམ་དག་གིས་ཞིང་པར་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོང་ཚོའི་སྙིང་ཉེ་བ་ཞིག་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཞིང་པའི་སྣེ་འཁྲིད་དེ་ཕྱུག་འགྱུར་བྱེད་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། གྲོང་གསེབ་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་སྲ་ཞིང་བརྟན་པའི་འགོ་ཁྲིད་གཙོ་གནད་ཅིག་ཏུ་འཛུགས་སྐྱོང་བྱེད་དགོས།