མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་དབུལ་སྐྱོར་གྱི་རྒྱལ་སྤྱིའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན། སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་དབུལ་སྐྱོར་གྱི་རྒྱལ་སྤྱིའི་གླེང་སྟེགས་པེ་ཅིང་དུ་གཉེར་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད། འཕྲིན་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ་སྟེ།
         སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་དབུལ་སྐྱོར་གྱི་རྒྱལ་སྤྱིའི་གླེང་སྟེགས་འགོ་ཚུགས་པའི་མཚམས་སུ། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་དང་འབྲེལ་ང་རང་སྒེར་གྱི་མིང་ཐོག་ནས་གླེང་སྟེགས་གཉེར་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ། གླེང་སྟེགས་ལ་ཕེབས་མཁན་རྒྱལ་སྤྱིའི་རྩ་འཛུགས་དང་། དངུལ་རྩའི་སྒྲིག་གཞི། ཇུས་འདོན་སྐུ་ཚབ་བཅས་དང་དེ་བཞིན་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུ་རྒྱུ་ཡིན།
        ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་མི་འབོར་ཆེ་ཤོས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ཧུར་ཐག་གཏོད་མཁན་དང་སྐུལ་འདེད་ནུས་ལྡན་གཏོང་མཁན་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70ཙམ་སོང་ཚུན། 
         ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱིས་དབུལ་པོའི་གནད་དོན་ཐག་གཅོད་བྱེད་ཆེད་དཀའ་སྤྱད་འབད་བརྩོན་བྱས་ཡོད། ལྷག་དོན་དུ་ལོ་40ཡི་གོང་། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་གྱི་ལོ་རྒྱུས་ཀྱི་ལམ་བུ་ཕྱེ་བ་དང་དུས་མཚུངས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བརྗིད་རླབས་དགུང་འཕྱུར་ཆེ་ཤོས་ཀྱི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་བཏོད་ཡོད། འདས་ཟིན་པའི་ལོ་40ཡི་རིང་། ཀྲུང་གོ་མི་དམངས་ཀྱིས་འཚོལ་ཞིབ་ཧུར་ཐག་དང་ཞུམ་མེད་འབད་འཐབ་བྱས་ནས་མི་འབོར་དུང་ཕྱུར་7ལྷག་ཙམ་དབུལ་པོ་དབུལ་རྐྱང་གི་གནས་ལས་བསྒྲལ་ནས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཀྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།
          མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་ནི་ཀྲུང་གོས་གཏན་འཁེལ་བྱས་པའི་རྔམ་བརྗིད་ལྡན་པའི་དམིགས་ཚད་ཅིག་རེད། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བྱ་ཐབས་ལག་ལེན་ཤུགས་ཆེན་བསྟར་བ། ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ། སྲིད་གཞུང་གི་གཙོ་ཁྲིད་མཐའ་འཁྱོངས། ཤར་ནུབ་རྒྱུད་མཐུན་སྦྱོར་གཏིང་ཟབ་དང་། སྤྱི་ཚོགས་ཡོངས་ཞུགས་རྒྱུར་སྐུལ་སློང་། དབུལ་སྐྱོར་དང་བློ་སྐྱོར་ཟུང་འབྲེལ། གསར་སྤེལ་རྣམ་པའི་དབུལ་སྐྱོར་དང་འགན་ལེན་རང་བཞིན་གྱི་དབུལ་སྐྱོར་ཕན་ཚུན་སྤྱི་འདོམས་བཅས་བྱས་པ་ལ་བརྟེན་ནས་2020ལོར་སླེབས་སྐབས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན།
         ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ནང་གཏན་འཁེལ་བྱས་པའི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་རྒྱུ་ཡིན། སྐུ་མགྲོན་རྣམ་པས་གང་བསམ་ལྷུག་གླེང་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན། རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་ཕྱིར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
        གླེང་སྟེགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

  
style="display:none;"