མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་
ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་
ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པི་གྲུ་ཁ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དྲུག་པ་ཚེས་18ཉིན་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་མོར་སི་པི་གྲུ་ཁར་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ《དུས་རབས་ཀྱི་གོ་སྐབས་སྟངས་འཛིན་བྱས་ཏེ་ཐུན་མོང་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་དར་རྒྱས་ལ་དོན་གཉེར་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཕྱོགས་ཁག་གིས་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་དམིགས་ཡུལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་སྐྲུན་པའི་ཁ་ཕྱོགས་ཆེན་པོ་སྟངས་འཛིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་མཉམ་ལས་འཕེལ་ཕྱོགས་རྒྱུན་འཁྱོངས་ཧུར་ཐག་བཅས་བྱས་ཏེ་གོམ་སྟབས་བརྟན་པོས་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད། 
     ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་དང་ཚོགས་ཞུགས་ཀྱི་འགོ་ཁྲིད་གཞན་རྣམས་རིམ་བཞིན་ཕེབས་འབྱོར་ཟིན་པ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར་གྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད།
     ས་གནས་དེ་གའི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ཚོགས་འདུ་འགོ་ཚུགས་ཤིང་། ཨའོ་ཉིར་གྱིས་གཙོ་སྐྱོང་གནང་བ་རེད། ད་ཐེངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི། 《བསྟུན་མཁས་རང་བཞིན་གྱི་གོ་སྐབས་སྟངས་འཛིན་བྱས་ནས་གྲངས་འཛིན་ཅན་གྱི་འབྱུང་འགྱུར་གཏོད་དགོས》ཞེས་པ་དེ་ཡིན་ཞིང་། ཚོགས་ཞུགས་དཔལ་འབྱོར་དངོས་ཚན་ཁག་གི་འགོ་ཁྲིད་པས“གྲངས་འཛིན་ཅན་གྱི་འབྱུང་འགྱུར་བསུས་ནས་བསྟུན་མཁས་རང་བཞིན་གྱི་སྒོ་ནས་དཔལ་འབྱོར་འཕར་རྒྱུ་མངོན་འགྱུར་བྱ་རྒྱུ”སོགས་ཀྱི་གཙོ་གནད་གྲོས་གཞིར་དམིགས་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་འབྲེལ་མཉམ་ལས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་མདུན་ལྗོངས་ལ་མཉམ་དུ་གྲོས་བསྡུར་གནང་བ་རེད། 
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ད་ཆའི་འཛམ་གླིང་གི་འཕེལ་རྒྱས་དང་འཕོ་འགྱུར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་སྐྱོད་པའི་ལམ་བཞི་མདོར་ལངས་ནས་ང་ཚོས་འཛམ་གླིང་གི་འཕེལ་ཕྱོགས་ཆེ་མོ་གསལ་རྟོགས་བྱེད་པ་དང་། དཔལ་འབྱོར་གྱི་འཕར་རྩ་སྟངས་འཛིན་བྱེད་པ། འབྱུང་འགྱུར་གྱི་ཁ་ཕྱོགས་གསལ་དུ་གཏོང་བ་བཅས་བྱས་ནས་དུས་རབས་ཀྱི་དྲི་གཞིར་ལན་རྒྱག་དགོས་པ་སྟེ།
     གཅིག་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒོ་དབྱེ་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་སྐྲུན་དགོས། ང་ཚོས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་རིགས་ཁག་གི་རང་མོས་ཚོང་དོན་བཀོད་སྒྲིག་ཐད་ང་ཚོས་སྒོ་དབྱེ་དང་། བསྟུན་མཁས། ཁ་གསལ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕན་ཚུན་དབར་གྱི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། མཉམ་སྒུལ་བཟང་པོ་མངོན་འགྱུར་ཡོང་བ་བྱེད་དགོས། སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་དར་ཆ་གསལ་སྟོན་གྱིས་སྲུང་སྐྱོང་རིང་ལུགས་འགོག་དགོས་པ་དང་། 
     གཉིས་ནས་གསར་གཏོད་སྐུལ་འདེད་མཐའ་འཁྱོངས་བྱས་ཏེ་འཕར་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། ང་ཚོས་ཕྱོགས་ཡོངས་དང་དོ་སྙོམས་ཀྱི་སྒོ་ནས《དྲ་སྦྲེལ་དང་གྲངས་འཛིན་དཔལ་འབྱོར་གྱི་ལམ་ཐིག་དཔེ་རིས》དོན་འཁྱོལ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕར་བའི་མི་མངོན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་དཔལ་འབྱོར་གྱི་ཚད་ལ་སླེབས་རྒྱུར་ཤུགས་སྣོན་རྒྱག་པ། གྲངས་འཛིན་གྱི་ཧེ་བག་ཆུང་དུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བར་གནས་པའི་ཁོངས་མིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་མི་དམངས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་བགྲོད་རླངས་འཁོར་ནང་ཞུགས་ཐུབ་པ་བྱེད་དགོས་པ། 
     གསུམ་ནས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་བསྟུན་མཁས་མཉམ་འགུལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ང་ཚོས་མཉམ་སྦྲེལ་མཉམ་མཐུད་ཀྱི་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱས་ནས་2030ལོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྲིད་སྟོན་དུ་བྱེད་པ་དང་དངོས་དོན་སྒྲུབ་པའི་བྱེད་ཐབས་དེ་བས་མང་པོ་སྤྱད་དེ་འཕེལ་རྒྱས་དེ་བས་དོ་སྙོམས་དང་། འཕར་རྒྱུ་དེ་བས་རྒྱུན་མཐུད། གོ་སྐབས་དེ་བས་འདྲ་མཉམ། སྤྱི་ཚོགས་དེ་བས་བསྟུན་མཁས་བཅས་བྱེད་དགོས། 
     བཞི་ནས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉམ་དུ་ལག་གདང་སྦྲེལ་ནས་ཐུན་མོང་འགྲན་སློང་ལ་ཁ་གཏད་གཅོག་དགོས། ང་ཚོས་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་སྤྱིའི་བགོ་གྲངས་དེ་མཐའ་འཁྱོངས་བྱས་ནས་ཐུན་མོང་གི་འགྲན་སློང་ཐག་གཅོད་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས། སྣ་མང་རང་བཞིན་གྱི་དོན་དངོས་ལ་གཞི་ཚུགས་ནས་སོ་སོས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱེད་པ་དང་། སྒོ་དབྱེ་དང་བསྟུན་མཁས་ཀྱི་རྨང་གཞིའི་ཐོག་མཉམ་འདྲེས་དང་ཕན་ཚུན་མིག་དཔེ་བྱེད་པ། འགྲན་རྩོད་བྱེད་པ་དང་ཆབས་ཅིག་གཉིས་ཕན་མཉམ་ལས་བཅས་བྱས་ཏེ་ཐུན་མོང་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་ཞེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱ་རྒྱུ་ཡིན།
     ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱས་ཡོད། ཡུན་རིང་དང་བརྟན་ལ་ལེགས་པའི་ཀྲུང་གོའི་དཔལ་འབྱོར་གྱི་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཕྱོགས་ཁག་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་མཉམ་ལས་ཟབ་ཏུ་གཏོང་བ་དང་ཁེ་ཕན་གྱི་མཉམ་འདྲེས་བྱེད་ས་དང་དཔལ་འབྱོར་འཕར་ས་དེ་བས་མང་པོ་སྐྱེད་སྲིང་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་ལ་སྒུལ་ནུས་གསར་པ་དེ་བས་ཆེ་བ་སྣོན་འདོད་ཡོད། 
     ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་འགོ་ཁྲིད་པར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་2020ལོའི་རྗེས་ཀྱི་མཉམ་ལས་ཀྱི་འདུན་ལྗོངས་འཆར་འགོད་ཡག་པོ་བྱ་རྒྱུའི་འགན་འཁྲི་ཡོད། ཀྲུང་གོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་མཉམ་ལས་ཀྱི་ཧུར་བརྩོན་ཆེ་བའི་སྣེ་ཁྲིད་པ་དང་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་ཞིག་རེད། ཀྲུང་གོའི་འཕེལ་རྒྱས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཕྱོགས་ཁག་གི་མཉམ་ལས་དམ་ཟབ་དང་ཁ་འབྲལ་ཐབས་མེད་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་འཕེལ་རྒྱས་ལ་ཡངས་པའི་བར་མཐོངས་ཀྱང་བཏོད་ཡོད། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་མཉམ་ལས་ཀྱི་འཕེལ་རིམ་ལ་ཧུར་ཐག་ཞུགས་ནས་ཕྱོགས་ཁག་དང་མཉམ་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་འཕེལ་རྒྱས་དང་གྲ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། 
     ཚོགས་ཞུགས་དཔལ་འབྱོར་དངོས་ཚན་འགོ་ཁྲིད་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་ཡོད། འོན་ཀྱང་ཚོང་དོན་གྱི་འགོག་རྐྱེན་དང་སྲུང་སྐྱོང་རིང་ལུགས་ཀྱི་འགྲན་སློང་ཡང་ཕྲད་ཡོད། མིག་སྔའི་དུས་བབ་འོག་ཕྱོགས་ཁག་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཚོང་དོན་མ་ལག་ལ་སྲུང་སྐྱོང་དང་། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་དོ་སྙོམས་དང་། གསར་གཏོད། རྒྱུན་མཐུད། བསྟུན་མཁས་བཅས་ཀྱི་སྒོ་ནས་དཔལ་འབྱོར་འཕར་བའི་ཐད་མུ་མཐུད་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རང་མོས་ཚོང་དོན་ཁུལ་སྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་དུ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་གསོན་ཤུགས་དང་སྒོ་དབྱེའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་སྐྲུན་དགོས་ཞེས་བཤད། 

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་
ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

  
style="display:none;"