མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཕ་ན་མ་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་ནས་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་
འཚམས་འདྲི་གནང་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་05ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་ཕ་ན་མ་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་ནས་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་
འཚམས་འདྲི་གནང་འགོ་ཚུགས་པ།

           ཤིན་ཧྭ་གསར་འགྱུར་ཁང་ཕ་ན་མ་གྲོང་ཁྱེར་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་ན་མ་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་ནས་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
            ས་གནས་དེ་གའི་དུས་ཚོད་ཆུ་ཚོད་20ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཕ་ན་མ་གྲོང་ཁྱེར་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་ཞིང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུ་ནས་དོན་ཕེབས་པ་དང་ཕ་ན་མའི་ཙུང་ཐུང་པ་ལེ་ལ་དང་སྐུ་ཟླ་ཁ་སི་ཏི་ལུའེ་ཡིས་སྐས་འཛེག་འགྲམ་དུ་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཕན་ཚུན་བྱམས་བརྩེའི་ངང་ཕྱག་གཏོང་རེས་གནང་ནས་འཚམས་འདྲི་ཞུས་པ་རེད། གུས་དམག་རྣམས་ས་གདན་དམར་པོའི་གཞོགས་གཉིས་སུ་གུས་སྟབས་ཆེན་པོས་ལངས་ནས་བསྡད་ཡོད།
           པ་ལེ་ལ་ཡིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་པ་རེད།
          རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ས་གདན་དམར་པོའི་ཐོག་ནས་གཟིགས་སྟེགས་སུ་ཕེབས་པ་དང་། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཕ་ན་མ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ་དང་ཞི་ཅིན་ཕིང་གིས་པ་ལེ་ལའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
           ས་གནས་དེ་གའི་ཞབས་བྲོ་འཁྲབ་མཁན་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་དང་ལོ་ཆུང་བྱིས་པ་ཚོས་མེ་ཏོག་དང་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱེད་བཞིན་ཐག་རིང་ནས་ཕེབས་པའི་ཀྲུང་གོའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྤྲོ་བ་ཆེན་པོས་གཟིགས་ཀྱིན་དུ་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་རེད།
           ཞི་ཅིན་ཕིང་གིས་ད་རེས་ང་ཕ་ན་མར་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ལོ་རྒྱུས་ཐོག་ཕ་ན་མར་འཚམས་འདྲི་བྱེད་ཐེངས་ཐོག་མ་དེའང་རེད། ངས་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཕ་ན་མ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། ལོ་གཅིག་དང་ལོ་ཕྱེད་གོང་། ཀྲུང་གོ་དང་ཕ་ན་མའི་དབར་ཀྲུང་གོ་གཅིག་གི་རྩ་དོན་བཟུང་བའི་རྨང་གཞིའི་ཐོག་ཕྱི་འབྲེལ་གྱི་འབྲེལ་བ་དངོས་སུ་བཙུགས་ཏེ་རྒྱལ་ཁབ་གཉིས་པོ་འགྲོ་འོང་བྱས་ནས་ལོ་160ལྷག་ཙམ་སོང་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་ཡོད། ཀྲུང་གོ་དང་ཕ་ན་མའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཡར་རྒྱས་གོང་འཕེལ་བྱུང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དོན་དངོས་ལས་ཀྲུང་གོ་དང་ཕ་ན་མའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩ་དང་ཕུགས་ཀྱི་ཁེ་ཕན་དང་འཚམ་ལ་ཀྲུང་གོ་དང་ཕ་ན་མའི་དབར་གྱི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ར་འཕྲོད་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ངས་འཚམས་འདྲི་བྱེད་རིང་ཙུང་ཐུང་པ་ལེ་ལ་དང་གྲོས་མོལ་བྱས་ནས་ཀྲུང་གོ་དང་ཕ་ན་མའི་དབར་གྱི་འབྲེལ་བའི་ཡུན་རིང་འཕེལ་རྒྱས་ལ་བླ་མེད་ཀྱི་འཆར་གཞི་བཀོད་དེ་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་གཏོང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས།
           ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཕུང་སོགས་ཕེབས་རོགས་ཞུ་མཁན་ཡང་གནམ་གྲུ་གཅིག་ལ་ཕེབས་འབྱོར་ཟིན་ཡོད།
          ཕ་ན་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝེ་ཆང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
          ཞི་ཅིན་ཕིང་ཨ་ཀེན་ཐིན་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཕ་ན་མར་ཕེབས་པ་ཞིག་རེད། པུ་དབྱི་ནོ་སི་ཨེ་རི་སི་ནས་ཞལ་དགྱེས་སྐབས་ཨ་ཀེན་ཐིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གནམ་ཐང་དུ་བཅར་ནས་ཕེབས་སྐྱེལ་ཞུས་ཡོད།
          ཕ་ན་མ་ནི་ཞི་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་སའི་ས་ཚིགས་གསུམ་པ་ཡིན་ཞིང་། ཞི་ཅིན་ཕིང་གིས་ད་དུང་ཕོར་ཐིའུ་ཀལ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་རེད། 

  
style="display:none;"