མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དབར་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་04ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དབར་གྲོས་མོལ་གནང་བ།

                  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དང་ལྷན་དུ་པུ་དབྱི་ནོ་སི་ཨེ་རི་སིར་གྲོས་མོལ་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དེ་བས་གཟིགས་རྒྱང་རིང་བའི་སྒོ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཏིང་སྟེ་ལག་གདང་སྦྲེལ་ནས་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་གསར་པ་གསར་གཏོད་བྱེད་དགོས་པའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
             ཞི་ཅིན་ཕིང་གིས་ལོ་2ལྷག་ཙམ་རིང་ང་དང་སྐུ་ཞབས་ཙུང་ཐུང་དབར་ཞལ་འཛོམས་ཐེངས་ལྔ་བྱས་ནས་ཀྲུང་ཨའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ཟིན་ཐོ་གསར་པ་བཏོད་ཡོད། ཀྲུང་ཨའི་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་སྔར་བྱུང་མྱོང་མེད་པ་དང་དེང་སྐབས་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་ཞིང་། དུས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྨང་གཞིའི་ཐོག་གཟིགས་རྒྱང་དེ་བས་རིང་བའི་སྒོ་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཆར་འགོད་བྱེད་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་བྱས་ཏེ་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་གསར་པ་གསར་གཏོད་བྱས་ཐོག་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་བ་རེད།
            ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཕ་རོལ་པོའི་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས། འདི་ལོ་ནས་བཟུང་ཨ་ཀེན་ཐིན་གྱི་དཔལ་འབྱོར་དང་དངུལ་རྩའི་དུས་བབ་ལ་གཡོ་འགུལ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཨ་ཀེན་ཐིན་ཕྱོགས་ཀྱིས་རྒྱལ་ཁབ་དེ་གའི་དངུལ་རྩའི་བརྟན་ལྷིང་སྲུང་སྐྱོང་བྱེད་པར་འབད་བརྩོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་ཨ་ཀེན་ཐིན་གྱི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ་ཀྲུང་ཨའི་མཉམ་ལས་ཐད་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་འབྱུང་འགྱུར་ལོ་ལྔའི་རིང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཐུན་མོང་གི་བྱ་སྤྱོད་འཆར་གཞི་རྩ་འཛིན་དུ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཆར་འགོད་དང་སྦྲེལ་མཐུད་བྱས་ནས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་གྱི་སྤུས་ལེགས་ཐོན་ཟོག་དང་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་ཕྱོགས་གཉིས་པོའི་ཚོང་དོན་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་ཀྱི་ནུས་རྒྱུ་སྣ་མང་ཅན་གྱི་འཐབ་ཇུས་ལ་རྒྱབ་སྐྱོར་བྱས་ནས་ཨ་ཀེན་ཐིན་དང་མཉམ་དུ་ནུས་རྒྱུའི་ཁྱབ་ཁོངས་ཀྱི་རྣམ་གྲངས་གཙོ་བོ་ལག་བསྟར་ཡག་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་འཚོ་སོགས་རྣམ་གྲངས་ནང་ཧུར་ཐག་ཞུགས་ནས་ཨ་ཀེན་ཐིན་དང་ལྷོ་ཨ་མེ་རི་ཁ་ས་ཁུལ་གྱི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་འདོད་ཡོད། མ་འཇོག་དང་མ་དངུལ་མཉམ་བསྡུ་དང་རང་དངུལ་བརྗེ་རེས་མཉམ་ལས་གཏིང་ཟབ་བྱེད་པ་དང་རྒྱལ་སྤྱིའི་དངུལ་ལོར་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་གསར་དར་དཔལ་འབྱོར་སྒྲིག་གཞི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་སྒྲིག་གཞིའི་ཁྲོད་ཀྱི་སྐད་ཆ་ཤོད་དབང་དང་ཚབ་མཚོན་རང་བཞིན་ཐུན་མོང་ཐོག་རིམ་པ་སྤོར་དགོས། གཞོན་ནུའི་དབར་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་རིག་གནས་དང་། སློབ་གསོ། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
               ཞི་ཅིན་ཕིང་གིས་ཀྲུང་ཨ་གཉིས་པོ་ནི་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཡིན་པས་ཕྱོགས་མང་རིང་ལུགས་དང་སྒོ་དབྱེ་བསྟུན་མཁས་ཀྱི་འཛམ་གླིང་དཔལ་འབྱོར་ལ་ཐུན་མོང་ཐོག་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལྷོ་ལྷོ་མཉམ་ལས་གཏིང་ཟབ་བྱེད་པ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གྲུབ་འབྲས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བར་ཕན་བདེ་བསྐྲུན་ཏེ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་ཅེས་བསྟན་གནང་བ་རེད།
               ཞི་ཅིན་ཕིང་གིས་དེང་སྐབས་ཕྱི་ཕྱོགས་ཀྱི་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་ནས་ལ་ཏིང་མེ་གླིང་ས་ཁུལ་གྱི་དུས་བབ་ལའང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་འགྲན་སློང་མང་དུ་འགྲོ་བཞིན་ཡོད། ལ་ཏིང་མེ་གླིང་གི་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་དང་རོགས་ཟླ་ཡིན་པའི་ངོས་ནས་ཀྲུང་གོར་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་གཏོང་བའི་བློ་གྲོས་དང་ནུས་པ་ལྡན་པའི་ཡིད་ཆེས་ཡོད། 
             ང་ཚོར་ལ་ཏིང་མེ་གླིང་གི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་ཡོད་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་གཉིས་ཁེའི་རྩ་དོན་མཐའ་འཁྱོངས་ཀྱིས་ཨ་ཀེན་ཐིན་ཚུད་པའི་ལ་ཏིང་མེ་གླིང་གི་གྲོགས་པོ་དང་མཉམ་དུ་དུས་རབས་གསར་པའི་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་ཀྲུང་ལའི་འབྲེལ་བ་བཙུགས་ཏེ། ཀྲུང་ལའི་གླེང་སྟེགས་འཛུགས་སྐྱོང་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཧུར་ཐག་ཞུགས་ནས། ཀྲུང་ལའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་གྲོལ་མ་ཐག་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་འབྲེལ། འགོ་ཁྲིད་པའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བར་རྟེན་འབྲེལ་ཞུས་པ་དང་། འཛམ་གླིང་ལ་ཡང་དག་པ་དང་། དགེ་མཚན་ལྡན་པ། མི་སེམས་བདེ་ལ་འཁོད་པ་བཅས་ཀྱི་ཆ་འཕྲིན་སྤེལ་གནང་ཞིང་། ཨ་ཀེན་ཐིན་ཕྱོགས་ཀྱིས་མཐུན་སྦྱོར་གྱི་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་ཚོགས་འདུ་ནི་རྙོག་འཛིང་ཧ་ཅང་ཆེ་བའི་རྒྱལ་སྤྱིའི་རྒྱབ་ལྗོངས་འོག་འཚོགས་པ་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་གཙོ་བོ་ལྷན་དུ་བཞུགས་ནས་རྒྱལ་སྤྱིའི་གནད་དོན་འགངས་ཆེན་ལ་ངོས་འཛིན་གཅིག་མཐུན་བྱུང་བ་དང་། འགོ་ཁྲིད་པའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཐེངས་ཀྱི་ཚོགས་འདུ་ལེགས་གྲུབ་བྱུང་བ་ནི་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་པར་རྒྱལ་ཁ་ཐོབ་པ་ཞིག་ཡིན་པས། ཕྱོགས་མང་གི་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་ལ་ཕན་ཐོགས་ཡོད་ལ་རྒྱལ་སྤྱིའི་ཁྲོམ་རར་ཡིད་ཆེས་དང་གསོན་ཤུགས་འཕེལ་བར་ཡང་ཕན་ཐོགས་ཡོད་ཅེས་བསྟན་གནང་བ་རེད།
             མ་ཁེ་ལིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་ལ་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོས་ཡུན་རིང་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན། ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་སྐབས་འདིར་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་སོགས་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་ཨ་ཀེན་ཐིན་གྱིས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་འཛམ་གླིང་དཔལ་འབྱོར་གྱི་སྒུལ་བྱེད་འཕྲུལ་འཁོར་གཙོ་བོར་གྱུར་པ་དང་། ཀྲུང་གོའི་འཕེལ་རྒྱས་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བ་ལས་ཨ་ཀེན་ཐིན་དང་ལ་ཏིང་མེ་གླིང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་དོན་སྙིང་གཏིང་ཟབ་ལྡན་ཡོད། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་བློ་བརྟན་འགྱུར་མེད་ངང་གཞོལ་ཏེ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཉེ་བའི་ལོ་ཤས་རིང་། ཨ་ཀྲུང་གཉིས་ཕན་ཚུན་ཡིད་ཆེས་ཟབ་ཏུ་ཕྱིན་ནས་ཁྱབ་ཁོངས་ཁག་དབར་འགྲོ་འོང་ཡང་ཡང་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་གཉིས་ཕན་གཉིས་ཁེའི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཨ་ཀེན་ཐིན་བདེ་བླག་ངང་ཞུགས་པ་དང་ཀྲུང་གོའི་ཁྲོམ་ར་སྔར་བས་གསར་འབྱེད་བྱེད་འདོད་ཡོད། ཨ་ཀེན་ཐིན་གྱིས་ད་ཐེངས་ཕྱོགས་གཉིས་དབར་འབྱུང་འགྱུར་ལོ་5ཡི་ཐུན་མོང་གི་བྱ་སྤྱོད་འཆར་གཞིར་མིང་རྟགས་བཀོད་པ་གོ་སྐབས་སུ་བྱས་ནས་ཞིང་ལས་དང་། དངུལ་རྩ། མཁའ་འགྲུལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ། ཡུལ་སྐོར་དང་ལུས་རྩལ་སོགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་ཟབ་ཏུ་གཏོང་རེ་ཡོད། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་ཨ་ཀེན་ཐིན་དུ་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
             མ་ཁེ་ལིས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོལ་མ་ཐག་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། དེས་དབུ་ཚོགས་ལ་གྲུབ་འབྲས་ཐོན་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་གྱི་མཐུན་སྦྱོར་དང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།
             རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཨ་ཀེན་ཐིན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ཐུན་མོང་གི་བྱ་སྤྱོད་འཆར་གཞི(2019ནས་2023བར)》དང་། དེ་བཞིན་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་བ་རེད།
           ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཀེན་ཐིན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
           གྲོས་མོལ་མ་གནང་གོང་། མ་ཁེ་ལིས་ཙུང་ཐུང་གཟིམ་ཤག་གི་གཟི་བརྗིད་ཐང་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།
          དཔྱིད་དུས་ཀྱི་པུ་དབྱི་ནོ་སི་ཨེ་རི་སིའི་ནམ་མཁའ་དྭངས་ཤིང་ཉི་མ་དྲོ་བ་དང་། ལན་དབྱིང་མེ་ཏོག་རབ་ཏུ་བཞད་པའི་དུས་སུ་ཞི་ཅིན་ཕིང་ཕེབས་པར་དགའ་བསུ་ཞུས་པ་རེད།
           ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གཉིས་པོ་ཆིབས་རགས་ཀྱི་ཕེབས་སྐྱེལ་འོག་ཙུང་ཐུང་གི་གཟིམ་ཤག་ཏུ་ཕེབས་པ་དང་། གུས་དམག་གིས་ལྗོན་ཤིང་གིས་ཁེངས་པའི་ལམ་ཆེན་གྱི་གཞོགས་གཉིས་སུ་བང་བསྒྲིགས་ནས་གཟིགས་ཞིབ་དང་ལེན་ཞུས་པ་དང་། གཟི་བརྗིད་ཐང་ཆེན་དུ་ཕེབས་སྐབས་དམག་མིའི་རོལ་མོ་ཚོགས་པས་སྤྲོ་སྣང་དོད་པའི་མདུན་སྐྱོད་རོལ་དབྱངས་དཀྲོལ་བ་རེད། མ་ཁེ་ལི་དང་སྐུ་ཟླ་ཨ་ཝ་ཏས་གམ་དུ་ཕེབས་ནས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་གཟིགས་ཞིབ་སྡིངས་ཆར་ཕེབས་ཤིང་། དམག་མིའི་རོལ་མོ་ཚོགས་པས་ཀྲུང་གོ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད།
           ཞི་ཅིན་ཕིང་གིས་མ་ཁེ་ལིའི་ཕེབས་རོགས་འོག་སན་མ་ཏིང་གི་འཇིམ་བརྙན་ལ་མེ་ཏོག་ཕྲེང་བ་ཕུལ་བ་རེད།
          དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་མ་ཁེ་ལི་ཙུང་ཐུང་གཟིམ་ཤག་གི་གཞུང་དོན་ཐོག་ཁང་གི་ཕྱིའི་སྤང་སྟེང་དུ་ཕེབས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་བག་ཕེབས་ངང་གླེང་མོལ་གནང་ཞིང་། མ་ཁེ་ལིས་ཞི་ཅིན་ཕིང་ལ་རྟ་ཐོག་སྤོ་ལོའི་ལུས་རྩལ་ངོ་སྤྲོད་གནང་བ་དང་འབྲེལ། ཀྲུང་གོའི་རྒྱལ་དར་གྱི་པར་རིས་བཀོད་པའི་རྟ་ཐོག་སྤོ་ལོའི་ཞྭ་མོ་ཞིག་དང་རྟ་ཐོག་སྤོ་ལོའི་དབྱུག་པ་ཞིག་ཕུལ་བ་རེད། ཞི་ཅིན་ཕིང་གིས་ཕྱག་ཏུ་སྤོ་ལོའི་དབྱུག་པ་བསྣམས་ནས་སྤོ་ལོ་བསྐྱོན་པ་དང་མ་ཁེ་ལིས་འཛུམ་དམུལ་དམུལ་ངང་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་མ་ཁེ་ལིར་ཀྲུང་གོའི་ཕར་ཆིན་བརྒྱབ་པའི་བརྩམས་ཆོས《ཐང་རྒྱལ་རབས་ཀྱི་བུད་མེད་ཀྱི་རྟ་ཐོག་སྤོ་ལོའི་རི་མོ》ཕུལ་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལུས་རྩལ་ཐད་སྤེལ་རེས་གནང་བ་དང་དམངས་ཁྲོད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བར་དགོངས་འཆར་བརྗེ་རེས་གནང་བ་རེད།

  
style="display:none;"