མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་མོ་ཁེར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་28ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་26ཉིན་ཕ་རི་སིར་ཆེད་མངགས་ཀྲུང་གོ་དང་ཧྥ་རན་སེའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གླེང་སྟེགས་ཀྱི་མཇུག་འགྲིལ་མཛད་སྒོར་ཞུགས་པར་ཕེབས་པའི་འཇར་མན་གྱི་ཙུང་ཐུང་མོ་ཁེར་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་རྒྱལ་སྤྱིའི་དུས་བབ་ཁྲོད་བརྟན་ལྷིང་མེད་པའི་རང་བཞིན་དང་གཏན་འཁེལ་མེད་པའི་རང་བཞིན་རྒྱུན་ཆད་མེད་པར་མང་དུ་སོང་ཡང་ཀྲུང་འཇར་དབར་གྱི་དངོས་གཉེར་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་སྔར་བཞིན་རྒྱུན་འཁྱོངས་བྱས་ཡོད། 2018ལོར་ཀྲུང་གོས་ལོ་གསུམ་བསྟུད་མར་འཇར་མན་གྱི་གོ་ལ་ཧྲིལ་པོའི་ཚོང་དོན་རོགས་ཟླ་ཆེ་ཤོས་རྒྱུན་འཁྱོངས་བྱས་པ་དང་འཇར་མན་གྱི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱེད་ཚད་140%ཙམ་འཕར་ཡོད། ང་ཚོས་མུ་མཐུད་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་དམིགས་ཚད་དང་བསམ་ཕྱོགས་གཏན་འཁེལ་བྱས་ཟིན། ཀྲུང་གོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་ཆོད་སེམས་ནི་བློ་བརྟན་འགྱུར་མེད་ཅིག་ཡིན་པས། འཇར་མན་དང་ཡོ་རོབ་དང་མཉམ་ལས་ལ་སྐུལ་འདེད་དང་རྒྱ་ཆེར་གཏོང་རྒྱུ་ཡང་ལྷག་བསམ་རྣམ་དག་ལྡན་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་འཇར་མཉམ་ལས་ཀྱི་རྩ་བའི་རྨང་གཞི་མུ་མཐུད་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་ལེཌ་པའི་སྒོ་ནས་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས། མཁྱེན་ལྡན་མ་ཙུང་ལིས་མཉམ་ལས་གཉིས་ཕན་ལ་ཡིད་ཆེས་བརྟན་པོ་ཡོད་ལུགས་ཐེངས་མང་བསྟན་གནང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ལག་གདང་སྦྲེལ་ནས་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་གདམ་ག་ཡང་དག་འབའ་ཞིག་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། 
     མིག་སྔའི་དུས་བབ་འོག་ཀྲུང་གོ་དང་འཇར་མན་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས་གོམ་སྟབས་རྗེས་མའི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་ཐད་བསམ་འཆར་3བཏོན་གནང་བ་སྟེ།
     གཅིག་ནི་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་ལ་མཉམ་ལས་གཉིས་ཕན་གྱི་མིག་དཔེ་གཏོད་རྒྱུ་དང་། གཉིས་ནི་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལ་སྣེ་ཁྲིད་ནས་འཛམ་གླིང་ལ་བརྟན་ལྷིང་གི་རྒྱུ་རྐྱེན་སྔར་བས་མང་བ་འདོན་རྒྱུ། གསུམ་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་རྒྱུ་བཅས་རེད།
     མོ་ཁེར་གྱིས། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལེགས་པ་དང་། རིམ་པ་ཁག་དང་ཁྱབ་ཁོངས་ཁག་དབར་སྤེལ་རེས་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱུང་ཡོད། འཇར་མན་ཕྱོགས་ཀྱིས་གྲངས་འཛིན་ཅན་དུས་རབས་ཀྱི་འཇར་ཀྲུང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་ཟབ་ཏུ་གཏོང་རེ་བྱེད་ཀྱི་ཡོད་ལ། སྐབས་གཉིས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཧུར་ཐག་ཞུགས་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་སྒོ་འབྱེད་རྒྱ་ཆེ་རུ་བཏང་བ་ལས་བྱུང་བའི་ཁྲོམ་རའི་གོ་སྐབས་གང་ལེགས་སྤྱོད་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་མ་ཟད། ཀྲུང་གོའི་ཁེ་ལས་འཇར་མན་དུ་མ་འཇོག་ལས་དར་བྱེད་རྒྱུར་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་ཡག་པོ་ཞིག་སྐྲུན་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་འབྲེལ་བར་སྐུལ་སྤེལ་གཏོང་རྒྱུར་གཞོལ་ནས་ཡོ་རོབ་དང་ཀྲུང་གོས་ལག་གདང་སྦྲེལ་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་ཧུར་ཐག་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་གསུངས་པ་རེད།

  
style="display:none;"