མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་25ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་དང་གྲོས་མོལ་གནང་བ།

    ཟླ་3ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་དང་གྲོས་མོལ་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རོ་མ་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རོ་མ་རུ་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྩ་བ་དེ་ཕྱོགས་གཉིས་པོའི་དབར་ལོ་ངོ་སྟོང་གི་འགྲོ་འོང་ལོ་རྒྱུས་ཁྲོད་གཞི་ཚུགས་ཡོད་པས། དམངས་འདོད་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད། ད་ཕན་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་ཕྱོགས་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་མཁོ་འདོན་བྱས་ཡོད། ཀྲུང་དབྱི་རྒྱལ་ཁབ་གཉིས་པོ་ནི་འཐབ་ཇུས་ཀྱི་རོགས་ཟླ་གལ་ཆེན་ཞིག་རེད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་དབྱིའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཁོང་དུ་ཆུད་པ་བྱེད་པ་དང་འདི་ལོ་ཀྲུང་དབྱིའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བ་དང་ཕྱི་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་དབྱིའི་འབྲེལ་བ་དུས་རབས་གསར་པར་བསྐྱོད་རྒྱུར་མཉམ་དུ་སྐུལ་འདེད་བཏང་ནས་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་དབྱི་ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་མཐུན་ལ་དཔལ་འབྱོར་ཐད་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་ཀྱི་མདུན་ལྗོངས་འོད་ཟེར་ལྡན་པ་ཞིག་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་རྒྱ་ཆེར་དང་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། སྡེ་ཚན་ཁག་དང་རིམ་པ་ཁག་གི་གླེང་མོལ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་བྱེད་པའི་་་གནད་དོན་ཆེན་པོའི་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་དང་དབྱི་ཐ་ལི་དར་གོས་ལམ་བུའི་སྣེ་གཉིས་སུ་གནས་ཡོད་པས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་སྤེལ་རྒྱུ་ནི་ཨ་ཅང་བརྗོད་མེད་ཅིག་རེད། ང་ཚོས་མཉམ་གྲོས་དང་། མཉམ་བསྐྲུན། མཉམ་སྤྱོད་བཅས་མཐའ་འཁྱོངས་དང་། སྒོ་དབྱེ་དང་ཕྱི་གསལ་ནང་གསལ་གྱི་རྩ་དོན་གཞིར་བཟུང་བ། མཉམ་ལས་གཉིས་ཕན་མངོན་འགྱུར་བཅས་བྱེད་ཀྱི་ཡོད། ཀྲུང་དབྱི་ཕྱོགས་གཉིས་པོས་སྲིད་གཞུང་དབར“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་བསམ་ཤེས་དྲན་ཐོར་མིང་རྟགས་འགོད་པ་གོ་སྐབས་སུ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་དབྱི་ཐ་ལིའི“བྱང་ཕྱོགས་གྲུ་ཁ་འཛུགས་སྐྲུན”དང“དབྱི་ཐ་ལིའི་མ་འཇོག་འཆར་གཞི”དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཁེ་ཕན་མཉམ་འདྲེས་ཟབ་ཏུ་བཏང་ནས་མཉམ་ལས་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་བར་མཐོངས་ཚན་རྩལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འགྲིམ་འགྲུལ། ཁོར་ཡུག ནུས་རྒྱུ་སོགས་སྔོན་གཏོད་ཁྱབ་ཁོངས་ཁག་ལ་སྔོན་དཔག་གི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱེད་དགོས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་འབྲེལ་མཐུད་མཐུན་སྦྱོར་ཟབ་ཏུ་བཏང་ནས་ནུས་རྒྱུ་དང་། དངུལ་རྩ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། 2020ལོར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རིག་གནས་ཡུལ་སྐོར་ལོ་གཉེར་རྒྱུ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འཛམ་གླིང་གི་ཤུལ་བཞག་ཁུལ་གྱི་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། རྟེན་རྫས་བཤམས་མཛོད་ཁང་དང་། ས་གནས། དམངས་ཁྲོད། ལུས་རྩལ་སོགས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ལག་གདང་སྦྲེལ་ཏེ་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དར་སྤེལ་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས། གནམ་གཤིས་འགྱུར་ལྡོག གོ་ལ་ཧྲིལ་པོ་བཅོས་སྐྱོང་སོགས་ཀྱི་གནད་དོན་གལ་ཆེན་ཐད་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དབྱི་ཐ་ལི་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་མ་འཇོག་ལས་སྤེལ་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཀྱང་ཀྲུང་གོའི་ཁེ་ལས་དང་ལྷག་པར་དུ་ལག་རྩལ་མཐོ་བའི་ཁེ་ལས་དབྱི་ཐ་ལིར་མ་འཇོག་འཕེལ་རྒྱས་གཏོང་བར་བསྐྱོད་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན་ལ་དབྱི་ཐ་ལི་དེ་ཉིད་ཚན་རྩལ་གསར་གཏོད་མཉམ་ལས་སྤེལ་ཡུལ་གྱི་རོགས་ཟླ་གལ་ཆེན་ལ་བརྩི་གི་ཡོད། ཀྲུང་གོ་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་ཁེ་ལས་ཀྱིས་ཚོང་ལས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་གཞིགས་ནས་ས་གནས་དེ་གའི་ཁྲིམས་ལུགས་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་ཕྱི་རྒྱལ་དུ་མཉམ་ལས་ལས་དོན་སྤེལ་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད། དབྱི་ཐ་ལི་སྲིད་གཞུང་གིས་ཀྲུང་གོའི་མ་འཇོག་མཁན་ལ་མུ་མཐུད་ཚོང་གཉེར་ཁོར་ཡུག་ཡག་པོ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཁུང་ཐེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་དབྱི་ཐ་ལིར་འཚམས་འདྲི་གནང་བ་དེར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་དབྱི་ཀྲུང་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དུ་བསྐྱོད་རྒྱུར་ཁྲིད་སྟོན་ཐུབ་ངེས་རེད། དབྱི་ཀྲུང་རྒྱལ་ཁབ་གཉིས་དབར་ལོ་ངོ་སྟོང་གི་འགྲོ་འོང་ལོ་རྒྱུས་ལྡན་པ་དང་། གནའ་བོའི་ཤེས་དཔལ་ཕན་ཚུན་མཉམ་འདྲེས། 
    དཔལ་འབྱོར་ཚོང་དོན་དང་རིག་གནས་སྤེལ་རེས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་བཅས་ཡོད་པས་ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་ཡུན་རིང་འཕེལ་རྒྱས་ལ་རྨང་གཞི་གལ་ཆེན་བཏིངས་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་དབྱི་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་བསུ་བ་ཞུ་བའི་སྐབས་འདིར། ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་དཔལ་འབྱོར་ཚོང་དོན་དང་། མ་འཇོག ནུས་རྒྱུ། ཞིང་ལས། རིག་གནས། ཡུལ་སྐོར། མཁའ་འགྲུལ་སོགས་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། དབྱི་ཐ་ལིས་མཉམ་འབྲེལ་མཉམ་མཐུད་འཛུགས་སྐྲུན་ཐད་དམིགས་བསལ་གྱི་ས་བབ་ལེགས་ཆ་ལྡན་ཡོད། ང་ཚོས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། “རྒྱུད་གཅིག་ལམ་གཅིག”གིས་དབྱི་ཀྲུང་དབར་གྱི་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་པར་ཕན་པ་ཐོན་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད། 

  
style="display:none;"