མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་མཐོ་རིམ་སློབ་འབྲིང་གི་སློབ་མར་འཕྲིན་ལན་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་23ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་དབྱི་ལི་ནུའོ་དབྱི་ཀྲོའུ་པེ་ནེའར་སི་མཐོ་རིམ་སློབ་འབྲིང་གི་སློབ་མར་འཕྲིན་ལན་སྤྲིངས་ནས་སློབ་མ་ཚོར་ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད། དེ་གོང་པེ་ནེའར་སི་མཐོ་རིམ་སློབ་འབྲིང་གི་རྒྱ་ཡིག་འཛིན་གྲྭའི་སློབ་མ་40ལྷག་ཙམ་གྱིས་རྒྱ་ཡིག་ཐོག་ནས་ཞི་ཅིན་ཕིང་ལ་འཕྲིན་ཡིག་བཏང་ནས་ཞི་ཅིན་ཕིང་གི་ལས་དོན་དང་འཚོ་བའི་གནས་ཚུལ་དང་ཁོང་མི་སྒེར་གྱི་དགའ་གཅེས་སོགས་བཀའ་འདྲི་ཞུས་པ་དང་། ཁོང་ཚོས་རྒྱ་ཡིག་སྦྱོང་བཞིན་ཡོད་པ་དང་ཀྲུང་གོའི་སྐད་ཡིག་དང་། རོལ་དབྱངས། ཟས་རིགས་བཅས་ལ་དགའ་པོ་ཡོད་ལུགས་ཞུས་པ། ཀྲུང་གོར་ལྟ་སྐོར་དང་བཅར་འདྲིར་ཡོང་རྒྱུའི་གོ་སྐབས་ཐོབ་རེ་བྱེད་པ་སོགས་ཞུས་ཡོད།
     ཞི་ཅིན་ཕིང་གིས་པེ་ནེའར་སི་མཐོ་རིམ་སློབ་འབྲིང་གི་སློབ་མར་སྤྲིངས་གནང་བའི་འཕྲིན་ལན་ནང་ཁྱེད་ཚོས་འཕྲིན་ཡིག་བསྐུར་བར་ཐུགས་རྗེ་ཆེ་ཞུ། ངས་འཕྲིན་ཡིག་ནང་ནས་ཁྱེད་ཚོས་རྒྱ་ཡིག་ལ་དགའ་པོ་བྱེད་པ་དང་ཀྲུང་ཧྭ་ཡི་རིག་གནས་ལ་དགའ་པོ་བྱེད་པ་ཤེས་རྟོགས་ཐུབ་བྱུང་། རྒྱ་ཡིག་སྦྱངས་ཚེ་ཀྲུང་གོ་དེ་བས་ཤེས་རྟོགས་ཐུབ་པ་དང་ཀྲུང་གོ་བ་མང་པོ་དང་གྲོགས་པོ་སྒྲིག་ཐུབ་པ་མ་ཟད། ད་དུང་རྒྱ་སྐད་རྒྱག་ཤེས་མཁན་འཛམ་གླིང་གི་སྐྱེ་བོ་མང་པོ་དང་ཡང་གྲོགས་པོ་སྒྲིག་ཐུབ། ཁྱེད་ཚོས་བྲིས་པའི་རྒྱ་ཡིག་ཡིག་གཟུགས་ལེགས་ལ་རྗོད་པ་བདེ་བ་ཞིག་འདུག་པས་ཧ་ཅང་ཡག་པོ་འདུག ཁྱེད་ཚོས་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱ་ཡིག་སློབ་སྦྱོང་ཐད་ཡར་རྒྱས་དེ་བས་ཆེ་བ་འགྲོ་རྒྱུའི་རེ་བ་ཡོད། ངས་དེ་སྔ་ཨ་རིར་འཚམས་འདྲིར་ཐེངས་མང་བསྐྱོད་པས་དེ་གའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་། སེམས་རྩ་འཁོལ་བའི་མི་དམངས། སྣ་མང་གི་རིག་གནས་བཅས་ལས་ང་ལ་བག་ཆགས་ཟབ་མོ་བྱུང་ལ་ཨ་རིའི་གྲོགས་པོ་མང་པོ་ངོ་ཤེས་བྱུང་བའི་ནང་ཨ་རིའི་གཞོན་ནུ་གྲོགས་པོའང་ཡོད། ངའི་ལས་ཀ་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པས་དཀའ་ལས་ཆེ་ལ་སྤྲོ་སྣང་འཕེལ་བ་ཞིག་ཀྱང་རེད། ང་མཚན་ཉིད་རིག་པ་དང་། ལོ་རྒྱུས། རྩོམ་རིག རིག་གནས། རོལ་དབྱངས། ལུས་རྩལ་བཅས་ཚང་མར་ཧ་ཅང་དགའ་པོ་ཡོད། ངའི་དགའ་ཕྱོགས་མང་པོ་ནི་སློབ་འབྲིང་དུས་ནས་ཆགས་པ་ཞིག་ཡིན་པ་དང་ད་བར་རྒྱུན་འཁྱོངས་བྱས་པ་ཞིག་རེད། གཞོན་ནུའི་མི་རབས་ནི་ཀྲུང་ཨའི་མཛའ་གྲོགས་ཀྱི་འབྱུང་འགྱུར་ཡིན་པས་སློབ་གྲོགས་ཚོས་གཞོན་ནུའི་ལང་ཚོར་གཅེས་སྤྲས་དང་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ། ཁྱེད་ཚོ་ཀྲུང་གོར་བལྟ་བར་ཡོང་རྒྱུར་དགའ་བསུ་ཞུ་ཞེས་འཁོད་ཡོད་པ་རེད།
    ཞི་ཅིན་ཕིང་གི་འཕྲིན་ལན་ལ་པེ་ནེའར་སི་མཐོ་རིམ་སློབ་འབྲིང་དུ་ཚོར་སྣང་ལན་ཆ་དྲག་པོ་བྱུང་ཡོད། དགེ་སློབ་ཚོས་འཕྲིན་ལན་དེའི་ནང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ནི་འགྲོགས་བདེ་གཤིབ་བདེ་ཞིག་དང་ཐུགས་སྣང་གཤིན་པ་ཞིག་ཡིན་པ་ཚོར་ཐུབ་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་ཚོར་ཐུགས་ཁུར་དང་དོ་ཁུར་གནང་བར་དགེ་སློབ་ཚང་མས་བྱམས་བརྩེ་ལྷག་པར་ཚོར་ཐུབ་པ་དང་སེམས་འགུལ་ཚད་མེད་ཐེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་ས་གནས་དེ་གའི་སློབ་མ་དེ་བས་མང་བར་རྒྱ་ཡིག་སྦྱོང་བ་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་དང་ཀྲུང་ཨའི་མཛའ་གྲོགས་སྤེལ་རེས་ནང་ཞུགས་རྒྱུར་ལྕག་སྐུལ་གནང་ཡོད་ཅེས་བཤད།
    པེ་ནེའར་སི་མཐོ་རིམ་སློབ་འབྲིང་ནི་ཨ་རིའི་དབྱི་ལི་ནུའོ་དབྱི་ཀྲོའུ་ཡི་གཞུང་བཙུགས་སློབ་གྲྭ་ཞིག་ཡིན་པ་དང་1964ལོར་བཙུགས་པ་དང་ད་ཆ་སློབ་མ་ཉིས་སྟོང་ལྷག་ཙམ་ཡོད་པ་རེད། སློབ་གྲྭ་དེས་རྒྱལ་སྤྱིའི་སྤེལ་རེས་ལ་སྣང་ཆེན་བྱེད་པ་དང་སློབ་མ་ཚོར་ཕྱི་སྐད་སྦྱོང་རྒྱུའི་ཐད་ལྕག་སྐུལ་བྱེད་ཀྱི་ཡོད། 2008ལོ་ནས་བཟུང་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་པ་དང་སློབ་ཚན་དེ་སྦྱོང་མཁན་འཛིན་གྲྭ་11བར་རྒྱ་ཁྱབ་བྱུང་ཡོད་པ་རེད།

  
style="display:none;"