མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་16ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱུང་ནས་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་དྲང་གཞག་འགྲན་རྩོད་ལ་སྐུལ་མ་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱས་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱུང་ནས་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་དྲང་གཞག་འགྲན་རྩོད་ལ་སྐུལ་མ་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱས་པ་རེད།
   ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱུང་ནས་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ལས་གཏོད་གསར་གཏོད་ལ་སྐུལ་འདེད། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱས་པ་རེད། འཆར་ཟིན་ནང་བཏོན་ཟིན་པའི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྐོར་གྱི་སྲིད་འཛིན་ཁྲིམས་སྲོལ་བསྡུ་སྒྲིལ་བྱས་ཏེ་རང་རྒྱལ་གྱི་ས་ཁོངས་ནང་ཁེ་བཟང་རག་ཐབས་བྱ་རྒྱུ་དམིགས་ཡུལ་དུ་འཛིན་ནས་གཉེར་སྐྱོང་བྱེད་སྒོ་སྤེལ་མཁན་རིགས་ཁག་གི་ཁེ་ལས་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་ཐོ་འགོད་དོ་དམ་ཐད་གཅིག་གྱུར་གཏན་འབེབས་བྱས་པ་རེད། དེའི་ནང་གཙོ་བོ(1)ཐོ་འགོད་ཀྱི་སྟབས་བདེ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན་པ་རེད། རང་སར་སྒྲུབ་པ་དང་། ཐེངས་གཅིག་ལ་སྒྲུབ་པ། དུས་བཀག་ནང་སྒྲུབ་པ། དྲ་ཐོག་ནས་སྒྲུབ་པ། ས་ཆ་གཞན་ནས་སྒྲུབ་ཆོག་པ་བཅས་ལ་སྐུལ་འདེད་བཏང་སྟེ་ཐོ་འགོད་ལས་ཁུངས་ཀྱིས་རེ་འདུན་ཞུ་ཡིག་ཁྲིམས་བཀོད་ཀྱི་བླང་བྱ་དང་མཐུན་པར་ལམ་སེང་ཐོ་འགོད་བྱེད་པ་དང་། ལམ་སེང་ཐོ་འགོད་བྱེད་མི་ཐུབ་པའི་རིགས་ལ་སྤྱིར་བཏང་ལས་ཀའི་དུས་ཡུན་ཉིན་3གྱི་ནང་ཚུན་དུ་ཐོ་འགོད་བྱེད་དགོས། དྲ་ཐོག་དང་ཤོག་ཐོག་ལས་གཉེར་ལག་ཁྱེར་ལ་བཅའ་ཁྲིམས་ཀྱི་ནུས་པ་གཅིག་མཚུངས་ལྡན་ཡོད། (2)རེ་ཞུའི་དཔྱད་ཡིག་དང་ཐོ་འགོད་ཀྱི་བརྒྱུད་རིམ་ཁུ་བསྡུ་རུ་གཏོང་དགོས། ཐོ་འགོད་ལས་ཁུངས་ཀྱིས་སྲིད་དོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ནས་ཐོབ་པའི་འབྲེལ་ཡོད་ཆ་འཕྲིན་ཡིན་ཚེ་རེ་འདུན་ཞུ་མཁན་ལ་བསྐྱར་དུ་མཁོ་འདོན་བྱེད་པའི་རེ་བ་འདོན་མི་རུང་། རེ་འདུན་ཞུ་ཡིག་ཆ་ཚང་པོ་མེད་པའམ་ཡང་ན་ཁྲིམས་བཀོད་ཀྱི་ཞུ་ཡིག་འབྲི་སྟངས་དང་མ་མཐུན་ན། ཐོ་འགོད་ལས་ཁུངས་ཀྱིས་རེ་འདུན་ཞུ་མཁན་ལ་ཐེངས་གཅིག་རང་ལ་དཔྱད་གཞིའི་ཡིག་རིགས་ཁ་སྐོང་བྱེད་དགོས་པའི་གསལ་བཤད་བྱེད་དགོས། (3)“ཐོ་ཁོངས་ནས་སུབ་དཀའ་བའི”གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་ཆེད། ཁྲོམ་རའི་བྱེད་པོས་བུན་དབང་དང་བུ་ལོན་གཡར་མེད་པ་དང་། ལས་བཟོའི་གླ་ཕོགས་དང་། སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ། འཇལ་དགོས་རིགས་ཀྱི་ཁྲལ་དངུལ་སོགས་གཙང་འཇལ་བྱས་ཟིན་རིགས་ཡིག་ཐོག་ནས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་རྒྱུའི་ཁས་ལེན་བྱེད་པ་མ་ཟད། གཏན་འབེབས་ལྟར་ཡོངས་བསྒྲགས་བྱས་རིགས་སྟབས་བདེའི་གོ་རིམ་ལྟར་ཐོ་ཁོངས་ནས་བསུབ་ཆོག་པ་དང་དེའི་ནང་གི་སྒེར་གཉེར་བཟོ་ཚོང་དུད་ཚང་ཡོངས་བསྒྲགས་བྱེད་མི་དགོས་པ་གཏན་འབེབས་ཁ་གསལ་བྱེད་དགོས། (4)ཁྲོམ་རའི་བྱེད་པོས་རྒྱུན་འཁྱོངས་བྱེད་པའི་མ་གནས་དམའ་རུ་གཏོང་བ་དང་ངལ་གསོ་འཇོག་པའི་ལམ་ལུགས་འཛུགས་དགོས། རང་བྱུང་གནོད་འཚེ་དང་། ལས་འཛོལ་གྱི་ཆག་སྒོ སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་སོགས་ཀྱིས་རྐྱེན་པས་གཉེར་སྐྱོང་ལ་དཀའ་ངལ་འཕྲད་ཚེ། ཁྲོམ་རའི་བྱེད་པོས་རང་བདག་ངང་དུས་ཚོད་ངེས་ཅན་ཞིག་ནང་ངལ་གསོ་གཏན་འཁེལ་བྱེད་པ་དང་འབྲེལ་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་བྱ་ཆོག་པ་དང་ངལ་གསོ་རྒྱག་ཡུན་རིང་ཤོས་ལོ་3ལས་བརྒལ་མི་ཆོག (5)ཁ་དན་ཚིག་གནས་དང་ལྟ་འདོམས་ཀྱི་བླང་བྱ་ཁ་གསལ་བཟོ་དགོས་ཤིང་། ཁྲོམ་རའི་བྱེད་པོས་མིང་ངོ་མ་བཀོད་ནས་ཐོ་འགོད་བྱེད་པ་དང་མཁོ་འདོན་བྱས་པའི་དཔྱད་ཡིག་གི་དོན་དངོས་རང་བཞིན་དང་། ཁྲིམས་མཐུན་རང་བཞིན། གོ་ཆོད་རང་བཞིན་བཅས་ལ་འགན་འཁུར་དགོས་པ་མ་ཟད། གཏན་འབེབས་ལྟར་ལོ་འཁོར་གྱི་སྙན་ཞུ་དང་ཐོ་འགོད་ཀྱི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས། ཐོ་འགོད་བྱེད་སྐབས་དཔྱད་ཡིག་རྫུན་མ་སྤྲོད་པའམ་ཡང་ན་མགོ་སྐོར་དང་ཁ་བསླུས་རྒྱག་པ་སོགས་ཀྱི་བྱེད་སྤྱོད་གཞན་དག་ཡོད་ཚེ། དེའི་ཁྲོམ་རའི་བྱེད་པོའི་ཐོ་འགོད་རྩིས་མེད་དུ་བཏང་ནས་ཐད་ཀའི་འགན་འཁྲི་ཡོད་མཁན་གྱིས་ལོ་3ནང་ཚུན་དུ་སླར་ཡང་ཐོ་འགོད་རེ་ཞུ་བྱ་མི་ཆོག ཐོ་འགོད་ལས་ཁུངས་ཀྱིས་ཁྲོམ་རའི་བྱེད་པོའི་ཡིད་རྟོན་གནས་ཚུལ་ལ་གཞིགས་ཏེ་རིམ་དབྱེ་རིགས་དབྱེའི་སྒོ་ནས་ལྟ་འདོམས་བྱེད་པ་དང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་བྱེད་ཐབས་སྤྱད་དེ་ཐོ་འགོད་དོན་ཚན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། (6)ཁྲིམས་འགལ་བྱེད་སྤྱོད་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་དང་ཆད་པ་གཅོད་སྟངས་ཁ་གསལ་བཟོ་དགོས། ཆད་གཅོད་ཀྱི་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས་ཉེས་ཚབས་ཆེ་རིགས་ལ་ལས་གཉེར་ལག་ཁྱེར་མེད་པར་བཟོས་ཏེ་ཁ་དན་ཚིག་གནས་དང་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ་བཅས་ཚུད་ཡོད།

  
style="display:none;"