མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཨ་རིའི་བཟོ་ཚོང་ལས་རིགས་ཀྱི་གཙོ་འཛིན་དང་ལྷན་དུ་གླེང་མོལ་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་15ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀྲུང་ནན་ཧའེ་ཙེ་ཀོང་ཀེ་རུ་ཨ་རིའི་བཟོ་ཚོང་ལས་རིགས་ཀྱི་གཙོ་འཛིན་དང་ལྷན་དུ་བརྙན་ལམ་གླེང་མོལ་ཚོགས་འདུར་ཞུགས་པ་རེད། ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ཨ་རིའི་གྲགས་ཅན་རྒྱལ་སྒྲོལ་ཀུང་སིའི་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་20ལྷག་ཙམ་ཞུགས་ཡོད། ལི་ཁེ་ཆང་གིས་ཁོང་ཚོ་དང་ཕན་ཚུན་སྤེལ་རེས་གནང་བ་མ་ཟད་དྲི་བར་ལན་ཡང་བསྐྱོན་པ་རེད། ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་ཟུར་པ་དང་པའོར་སེན་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཧེང་ལི·པའོར་སེན་གྱིས་གཙོ་སྐྱོང་གནང་བ་རེད།
   ལི་ཁེ་ཆང་གིས་གསུངས་དོན། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡིན། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཞལ་པར་ཐོག་ནས་བྱུང་བའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་། གདོང་ཐུག་མེད་པ་དང་། ཁ་གཏད་དུ་མི་ལངས་པ། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་པ་དང་། སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། མི་མཐུན་སར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་སྤྱི་ཡོངས་བརྟན་ལྷིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།
   ལི་ཁེ་ཆང་གིས་མཛུབ་སྟོན་གནང་དོན། འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་འཆམ་ན་གཉིས་ཕན་དང་འཐབ་ན་གཉིས་ཕམ་ཡོང་ངེས་རེད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཕན་གཉིས་ཁེ་ཡིན་པ་དང་། དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ལ་ཕན་ཐོགས་ཡོད་པ་དང་། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་ཕན་ཐོགས་ཡོད་པ་ཞིག་རེད། ན་ནིང་རྡབ་རྡེག་མང་པོ་ཕོག་པའི་རྒྱབ་ལྗོངས་ཁྲོད་དུའང་རྒྱལ་ཁབ་གཉིས་པོའི་ཚོང་དོན་དངུལ་འབོར་ལྡོག་འཕར་བྱུང་བ་དེ་ཐོག་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཆ་རྐྱེན་དང་གོ་སྐབས་ནི་དངོས་ཡོད་ཡིན་པ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་པར་ཕན་ཚུན་དགོས་མཁོ་ཡོད་པ་ཞིག་ཡིན་པ་མཚོན་ཡོད། མཉམ་ལས་བྱེད་རིང་ཐོན་པའི་གནད་དོན་ལ་ཆ་མཚོན་ན། མཉམ་ལས་བྱེད་རིང་ད་དུང་ཐག་གཅོད་ཀྱང་བྱེད་དགོས།
   “འབྲེལ་ཐག་བཅད་པ”ཡིན་ན་སུ་ལའང་ཕན་པ་མེད་ལ་འཛམ་གླིང་ལ་དེ་བས་ཀྱང་གནོད་སྲིད། ཕྱོགས་གཉིས་པོས་ཁ་གཏད་ཕྱོགས་སུ་བསྐྱོད་དེ་ཐུན་མོང་གི་ཁེ་ཕན་ཆེ་རུ་གཏོང་བ་བརྒྱུད་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་རེ་བ་ཡོད།
    ལི་ཁེ་ཆང་གིས་གསུངས་དོན། ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་པ་དང་། ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་སྒོ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་ཡིན། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པར་ཕྱོགས་གཅིག་ནས་རྒྱལ་ནང་གི་ཁྲོམ་རའི་མི་མངོན་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་ཏེ་དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ལ་འདེགས་སྐྱོར་བརྟན་པོ་ཞིག་ཆགས་པར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་མི་འབོར་དུང་ཕྱུར་14ཡི་ཁྲོམ་ར་ཆེན་པོ་སྔར་བས་སྒོ་མོ་ཕྱེ་ནས་ཀྲུང་གོ་འདི་ཉིད་ཕྱི་རྒྱལ་ཚོང་པའི་མ་འཇོག་གི་དམིགས་ས་གལ་ཆེན་དང་འཛམ་གླིང་གི་ཁྲོམ་ར་ཆེན་པོར་མུ་མཐུད་འགྱུར་བར་བྱེད་དགོས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རང་འགུལ་ངང་ཕྱི་ཕྱོགས་སྒོ་དབྱེ་བྱས་ཏེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་མ་འཇོག་ཁེ་ལས་ལ་ཕྱོགས་རིས་མེད་པ་དང་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་རྒྱུ་ཡིན། ཨ་རི་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་ནས་གཉིས་ཁེ་གཉིས་ཕན་དེ་བས་ལེགས་པ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

  
style="display:none;"