མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་དཔལ་འབྱོར་དུས་བབ་སྐོར་ལ་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་
ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་13ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   དཔལ་འབྱོར་བརྟན་ཐོག་བརྟན་འཕེལ་དང་བརྟན་ཐོག་ཡག་འཕེལ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་ཁོག་སྲིད་ཇུས་ཀྱི་མུ་སྦྲེལ་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་ ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དཔལ་འབྱོར་དུས་བབ་ཀྱི་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་སྟེ་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
   ལི་ཁེ་ཆང་གིས་འདི་ལོ་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱ་ཆེའི་ཁྲོམ་རའི་བྱེད་པོས་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱས་པས་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་བྱུང་བའི་རྣམ་པ་མངོན་པ་དང་། བརྟན་ཐོག་བརྟན་འཕེལ་དང་བརྟན་ཐོག་ཡག་འཕེལ་བྱུང་ཡོད། འོན་ཀྱང་ན་ནིང་གི་དུས་མཚུངས་ཀྱི་གཞི་གྲངས་དམའ་བ་ལས་བསྡུར་ཐབས་བྲལ་བའི་རྒྱུ་རྐྱེན་ཐོན་པ་དང་། མིག་སྔའི་རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས་ངེས་གཏན་མེད་པའི་རང་བཞིན་གསར་པ་མང་དུ་ཕྱིན་པ། རྒྱལ་ནང་གི་དཔལ་འབྱོར་སླར་གསོ་བྱུང་ཡང་དོ་སྙོམས་མེད་པ་བཅས་མཐོང་ཐུབ་པ་བྱས་ཏེ་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱེད་སྐབས་ཁྱོན་ཡོངས་དང་དོན་དངོས་དང་མཐུན་པར་བྱས་ནས་དུས་མཚུངས་ཀྱི་འཕར་ཚད་ལ་ལྟ་དགོས་ལ་དུས་ཐེངས་གོང་མའི་འཕར་ཚད་ལའང་ལྟ་བ་དང་། སྤྱི་ཁོག་དཔལ་འབྱོར་གྱི་གྲངས་གཞིར་ལྟ་དགོས་ལ་ཁྲོམ་རའི་བྱེད་པོའི་མྱོང་ཚོར་ལའང་ལྟ་བ། དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་ལྟ་དགོས་ལ་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཡང་དོ་ཁུར་དམ་ཟབ་བྱེད་པ་བཅས་བྱས་ཏེ་གདེང་ཚོད་བརྟན་དུ་གཏོང་བ་དང་། དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་ནས་རང་ཉིད་ཀྱི་དོན་དག་ཡག་པོ་སྒྲུབ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མུ་མཐུད་ཡག་པོ་བྱེད་པ་དང་ཆབས་ཅིག མིག་སྔ་དང་ཕུགས་ལ་བསམ་བློ་བཏང་སྟེ་སྤྱི་ཁོག་སྲིད་ཇུས་ཀྱི་མུ་སྦྲེལ་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པ། སྲིད་ཇུས“འཕྲལ་མར་ཁ་སྒྱུར”མི་བྱེད་པ། ཁྲོམ་རའི་ལུགས་མཐུན་སྔོན་དཔག་འགྲུབ་རྒྱུར་ཁྲིད་སྟོན་བྱེད་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། དཔལ་འབྱོར་ལུགས་མཐུན་གྱི་ཁྱབ་ཁོངས་སུ་འཁོར་སྐྱོད་ཡོང་བ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སླད་ཕྱིན་གྱི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།
   ལི་ཁེ་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འགྱུར་ལྡོག་ལ་རྗེས་སྙེགས་དབྱེ་ཞིབ་བྱེད་པ་དང་། ཚན་རིག་དང་མཐུན་ལ་གནད་སྨིན་ངང་སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་ལག་བསྟར་བྱེད་པ། གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བ་སོགས་ཀྱི་སྲིད་ཇུས་རྒྱུན་མཐུད་ངང་དམིགས་ས་ཡོད་པའི་སྒོ་ནས་ལག་བསྟར་ཡག་པོ་བྱེད་པ་བཅས་བྱས་ནས་ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆུང་དུ་མི་འགྲོ་བ་བྱེད་དགོས། ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ་དང་། ཞིབ་འཇུག་གསར་སྤེལ་གྱི་མ་འཇོག་བསྡོམས་རྩིས་དང་འཐེན་འཕྲིའི་བསྡུར་ཚད་མཐོ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་ཡག་པོ་སྤྱད་དེ་བཟོ་སྐྲུན་ལས་རིགས་གསར་གཏོད་དང་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་སླར་གསོ་དང་གཏིང་ཤུགས་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱེད་དགོས། ཁྲོམ་རའི་བྱེད་པོ་དང་ལྷག་པར་དུ་ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་དངུལ་རྩའི་ཞབས་འདེགས་ཞུ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མ་དངུལ་དེ་བས་མང་བ་དངོས་ཚན་དཔལ་འབྱོར་ཕྱོགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཉེན་ཁར་འགོག་ཟོན་ནུས་ལྡན་བྱེད་དགོས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། མ་བཅོས་རྒྱུ་ཆ་སོགས་ཁྲོམ་རའི་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་མ་གནས་ཀྱི་གནོན་ཤུགས་ཆུང་དུ་གཏོང་དགོས། ལས་ཞུགས་འགན་ལེན་ནི་དཔལ་འབྱོར་གྱི་གཞི་གདན་བརྟན་དུ་གཏོང་བའི་རྨང་གཞི་ཡིན་པས་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་བྱ་ཐབས་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་བབ་བསྟུན་ལས་ཞུགས་ལ་སྐུལ་འདེད་བཏང་ནས་ལས་ཞུགས་ཅུང་ལེགས་པོ་དང་གྲོང་མིའི་ཡོང་འབབ་འཕར་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"