མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་
ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་འཛམ་གླིང་འགོ་ཁྲིད་པའི་དབུ་ཚོགས་གླེང་སྟེགས་ལ་ཡིག་ཐོག་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་03ཉིན། 16:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་འཛམ་གླིང་འགོ་ཁྲིད་པའི་དབུ་ཚོགས་གླེང་སྟེགས་ལ་ཡིག་ཐོག་ཤིས་ཚིག་གསུངས་པ་རེད།
     ཞི་ཅིན་ཕིང་གིས། མིག་སྔར། གནམ་གཤིས་འགྱུར་ལྡོག་གི་ཕན་མེད་ཤུགས་རྐྱེན་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ནས། གོ་ལ་ཧྲིལ་པོའི་བྱ་སྤྱོད་ཀྱི་དགོས་གཏུག་རང་བཞིན་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། གང་འདྲ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་བཅག་ནས་འཛམ་གླིང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོར་འཕྲད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཡིན་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་གྲོས་འགོ་ཁག་གསུམ་བཏོན་གནང་བ་སྟེ།
     གཅིག་ནས་ཕྱོགས་མང་གི་ཐུན་མོང་ངོས་འཛིན་ལ་སྲུང་སྐྱོང་བྱེད་དགོས་ཤིང་། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ཕྱོགས་མང་རིང་ལུགས་ནི་བྱ་ཐབས་ཡག་ཤོས་ཡིན། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》དང་དེའི《ཕ་རི་སིའི་གྲོས་ཆོད》ནི་རྒྱལ་སྤྱིའི་སྤྱི་ཚོགས་མཉམ་ལས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གཞི་རྩའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡིན། ཕྱོགས་ཁག་གིས་སྔར་ནས་གྲུབ་པའི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་དང་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། ཀེ་ལ་སི་ཀེའི་ཚོགས་ཆེན་བདེ་བླག་ངང་འཚོག་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་།
     གཉིས་ནས་དོན་གཉེར་བྱ་སྤྱོད་ལ་དམིགས་དགོས་ཤིང་། བྱ་སྤྱོད་སྤེལ་ཚེ་རེ་བ་གཞི་ནས་འགྲུབ་ཐུབ། ཕྱོགས་ཁག་གིས་ཡིད་རྟོན་ལ་མཐོང་ཆེན་དང་ཁས་ལེན་ནན་པོ་བསྲུངས་ཏེ། ལག་ལེན་དུ་འཁྱོལ་ཐུབ་ངེས་ཡིན་པའི་དམིགས་ཚད་དང་འཆར་གཞི་བཟོ་དང་སྦྲགས་རྒྱལ་བབ་གཞིར་བཟུང་ནུས་པས་ལྕོགས་ཚོད་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་ཐབས་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རང་སོ་སོས་དེ་བས་མང་བ་སྒྲུབ་དགོས་པ་མ་ཟད། ད་དུང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དེ་བས་ཡག་པ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ།
     གསུམ་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་དགོས་ཤིང་། ཚན་རྩལ་གསར་གཏོད་སྒུལ་ཤུགས་ལ་བརྩིས་ནས་ནུས་རྒྱུའི་ཐོན་ཁུངས་དང་། ཐོན་ལས་གྲུབ་ཆ། འཛད་སྤྱོད་གྲུབ་ཆ་བཅས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་དང་སྲུང་སྐྱོང་ཟུང་འབྲེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས་པ་བཅས་རེད།

  
style="display:none;"