མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བདུན་པའི་ཐོག་བློ་བརྟན་འགྱུར་མེད་ངང་
ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་དེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་
འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་28ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་25ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བདུན་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་འབད་བརྩོན་ལྷོད་མེད་ཀྱིས་དོན་གཉེར་བྱེད་ས་ཞིག་ཡིན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག འགྲོ་བ་མིའི་ཐོབ་ཐང་འགན་ལེན། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པ་རྣམས་ཁྱབ་ཡོད། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད་པས། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ནས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཆེ་བློ་མཐུན་ལུའུ་ཀོང་ཅིན་གྱིས་གནད་དོན་འདིའི་ཐད་འགྲེལ་བཤད་བརྒྱབ་ནས་ལས་དོན་གྱི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་གི་འགྲེལ་བཤད་ནན་ཏན་ངང་གསན་ནས་གྲོས་བསྡུར་གནང་བ་རེད།
     ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་འབད་བརྩོན་ལྷོད་མེད་ཀྱིས་དོན་གཉེར་བྱེད་ས་ཞིག་རེད། རང་རེའི་ཏང་དབུ་བརྙེས་པའི་ཉིན་ནས་བཟུང“དམངས་གཙོ་བརྩོན་ལེན་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན”གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། རྒྱལ་ཁབ་དང་མི་དམངས་སྐྱོབ་པ་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པའི་འདོད་ཚུལ་གསལ་སྟོན་བྱས་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་བཅས་སུ་རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེན་རྒྱལ་ཁ་བླངས་པ་དང་། ཀྲུང་གོ་མི་དམངས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་པ། ཀྲུང་གོ་མི་དམངས་ཀྱི་འཚོ་གནས་ཀྱི་དབང་ཆ་དང་། འཕེལ་རྒྱས་ཀྱི་དབང་ཆ། དེ་མིན་གྱི་གཞི་རྩའི་དབང་ཆ་བཅས་ཀྱི་འགན་ལེན་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ཐུབ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་པ། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་དངོས་པོའི་རྨང་གཞི་དེ་བས་བརྟན་པོ་བཏིང་ཡོད། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་པས། མི་དམངས་ཀྱིས་དེ་བས་རྒྱ་ཁྱབ་དང་། དེ་བས་ལེགས་པ། དེ་བས་ཁྱོན་ཡོངས་བཅས་ཀྱི་དམངས་གཙོའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ང་ཚོས་དེ་བས་ལེགས་པ་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཙུགས་ནས། མི་དམངས་ཀྱི་འཚོ་བའི་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་ཤུགས་ཆེན་བྱས་ཡོད། ང་ཚོས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་འཇལ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་གང་ཐུབ་བྱས་ཡོད། ང་ཚོས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཆོས་དད་ལ་བརྩི་འཇོག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ཡོད། ང་ཚོས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་བྱེད་པ། ནག་སེལ་གཤེད་བཅོམ་གྱི་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་བ། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད། རང་རྒྱལ་ནི་འཛམ་གླིང་ཐོག་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་ཐེངས་བཞི་བསྟུད་མར་བཟོ་མཁན་དང་ལག་བསྟར་བྱེད་མཁན་རྒྱལ་ཁབ་ཆེན་པོ་གཙོ་བོ་འབའ་ཞིག་དེ་ཡིན། ང་ཚོས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱས་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་ཕྱོགས་སྡོམ་བྱས་པ་དང་། མིའི་རིགས་ཀྱི་ཕུལ་དུ་བྱུང་བའི་ཤེས་དཔལ་གྲུབ་འབྲས་དཔྱད་གཞིར་བཟུང་སྟེ། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ཞིང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་ཡོད། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏན་འཁེལ་བྱས་ཡོད་ལ། ང་ཚོས་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་དང་། འདྲ་མཉམ་ངང་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་མཐའ་འཁྱོངས། འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཟམ་མི་ཆད་པར་མངོན་འགྱུར་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཡག་པོ་ཐུབ་པ་ཡང་གཏན་འཁེལ་བྱས་ཡོད། གཉིས་ནས་མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། མི་དམངས་རང་བཞིན་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་འགྲོ་ལམ་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་རེད། ང་ཚོས་མི་དམངས་དམངས་གཙོའི་དབང་ཆ་འགན་ལེན་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གང་ལེགས་བྱས་ནས་མི་དམངས་རྣམས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ནང་ཞུགས་མཁན་དང་། སྐུལ་འདེད་གཏོང་མཁན། ཁེ་ཕན་ཐོབ་མཁན་བཅས་གཙོ་བོར་འགྱུར་བར་བྱས་ཏེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བར་དེ་བས་མངོན་གསལ་དོད་པའི་དོན་དངོས་རང་བཞིན་གྱི་འཕེལ་རིམ་བྱུང་ཡོད། གསུམ་ནས་རང་རྒྱལ་གྱི་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཤིང་། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་རེ་བར་གཞིགས་ནས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱིས་ཁྲིམས་ལྟར་རྒྱ་ཆེ་ཞིང་གང་ལེགས་དང་། དོན་དངོས་དང་མཐུན་ལ་ཞིབ་ཅིང་ཕྲ་བ། ཕན་འབྲས་ལྡན་ལ་གོ་ཆོད་པ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད། བཞི་ནས་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་གཙོ་བོར་འཛིན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མཐའ་འཁྱོངས་བྱས་ཤིང་། འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སྤྱོད་བྱེད་པའི་རྨང་གཞི་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་སྙོམས། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱས་ནས། འཕེལ་རྒྱས་གཏོང་རིང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཕུན་སུམ་ཚོགས་པ་དང་། དེ་བས་འགན་སྲུང་ཐུབ་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བ་བྱས་ཡོད། ལྔ་ནས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ལྟར་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ང་ཚོས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱེད་པ་དང་ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཀྱི་བཅའ་ཁྲིམས་ལམ་ལུགས་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་དབང་ཆ། མི་གཤིས་དབང་ཆ་བཅས་འགན་ལེན་བྱེད་པ་དང་། སྤྱི་དམངས་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་འགོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་སོགས་ནང་ཞུགས་པའི་གཞི་རྩའི་ཆབ་སྲིད་ཀྱི་དབང་ཆ་འགན་ལེན་བྱེད་པ། སྤྱི་དམངས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས། ཁོར་ཡུག་སོགས་ཕྱོགས་གང་ཅིའི་དབང་ཆ་འགན་སྲུང་བཅས་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་ཅན་གྱི་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) དྲུག་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུ་མཐའ་འཁྱོངས་བྱས་ཤིང་། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། འགྲོ་བ་མིའི་ཐོབ་ཐང་ཚུད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། གོང་གསལ་གྱི་དོན་ཚན་དྲུག་པོ་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་ཁྱད་ཆོས་གཙོ་བོ་ཡིན་ལ། ང་ཚོས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཐོབ་པའི་རྩ་ཆེའི་ཉམས་མྱོང་ཡང་ཡིན་པས། ལག་ལེན་གསར་པ་དང་ཟུང་འབྲེལ་བྱས་ནས་མཐའ་འཁྱོངས་ཡག་པོ་དང་འཕེལ་རྒྱས་ཡག་པོ་རྒྱུན་མཐུད་གཏོང་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་འགྲོ་ལམ་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱིས་སྤུས་ཚད་མཐོ་ལ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ལ་བསྟུན་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཕྱོགས་མང་པོའི་ཁེ་དབང་གི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐབས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་གཙོའི་ཁྲིམས་འཛིན། བསམ་བློ་རིག་གནས། དྲང་གཞག་དྲང་བདེན། སྤྱི་ཚོགས་བཅོས་སྐྱོང་། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བྱིས་གསོ་སོགས་ཕྱོགས་གང་ཅིའི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཁག་འགན་ལེན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ཁྱོན་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་བཅས་སུ་ཁྱབ་པར་བྱས་ཏེ་བཅའ་ཁྲིམས་ཀྱི་ལམ་ལུགས་རེ་རེ་དང་། ཁྲིམས་འཛིན་གྱི་གཏན་འབེབས་རེ་རེ། ཁྲིམས་འཛིན་གྱོད་གཞི་རེ་རེ་བཅས་ལ་མི་དམངས་མང་ཚོགས་ཀྱིས་འདྲ་མཉམ་དང་དྲང་བདེན་ཚོར་བ་བྱེད་དགོས། ཁྲིམས་སྐྱོང་ཁྱབ་ཁོངས་སུ་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་ཇུས་འགོད་དང་ཐག་གཅོད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་ཞུར་ཁྲིམས་ལྟར་དྲང་གཞག་གི་འདོད་ཚུལ་བཟུང་ནས་ཁྲིམས་འཛིན་དྲང་གཞག་མིན་པའི་དབང་གིས་མི་དམངས་མང་ཚོགས་ཀྱི་བརྩེ་དུང་ལ་ཕོག་ཐུག་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་དབང་ཆར་གནོད་འཚེ་གཏོང་བའི་གནས་ཚུལ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། མང་ཚོགས་ཀྱི་ཁྲིམས་མཐུན་དབང་ཆར་གནོད་འཚེ་གཏོང་བའི་བྱེད་སྤྱོད་མཐའ་དག་དང་། མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་སྣང་མེད་དུ་འཇོག་པ་དང་དོ་ཁུར་གཏན་ནས་མི་བྱེད་པའི་སྣང་ཚུལ་མཐའ་དག་ངེས་པར་དུ་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་ནན་པོ་དང་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ཡང་དག་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དར་སྤེལ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་དང་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། མི་དམངས་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་གི་ཤེས་བྱའི་སློབ་གསོ་སྤེལ་ནས། མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དང་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་དགོས། གཞུང་དོན་སྒྲུབ་མཁན་དང་ལྷག་པར་དུ་གཞི་རིམ་གྱི་གཞུང་ལས་པར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཤེས་བྱ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལེགས་ཆ་བཏོན་ནས་བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་སྔར་བས་འགན་ལེན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས་གསར་རྩོམ་རང་བཞིན་གྱི་ཐ་སྙད་གདམ་གསེས་བྱས་ཏེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་འཕེལ་རྒྱས་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་གི་ཇུས་འདོན་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་རྟེན་གཞི་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་རིགས་པའི་གཞུང་ལུགས་ཏན་ཏིག་དང་། རིག་གཞུང་བྱང་ཆུབ་པ། རྒྱལ་སྤྱིའི་སྒྲིག་སྲོལ་ལ་རྒྱུས་མངའ་ཡོད་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ཤོད་ཤེས་པ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རིགས་གཅིག་མཁས་ཅན་རྩེར་སོན་གྱི་དཔུང་ཁག་ཁག་གཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ་འདྲ་མཉམ་ཡིད་རྟོན་དང་། བསྟུན་མཁས་མིག་ལྟོས། མཉམ་ལས་གཉིས་ཁེ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་དེ་བས་འདྲ་མཉམ་དང་། དྲང་གཞག ལུགས་མཐུན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་དང་། བྱེ་བྲག དོན་དངོས་བཅས་ཡིན་པས་རྒྱལ་ཁབ་མི་འདྲ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་འགྲོ་བ་མིའི་ཐོབ་ཐང་སྟོང་བཤད་བྱེད་མི་རུང་། རྒྱལ་ཁབ་ཅིག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་གདེང་འཇོག་བྱེད་སྐབས་རྒྱལ་ཁབ་གཞན་དག་གི་ཚད་གཞིར་བརྟེན་ནས་ཚད་འཇལ་བྱེད་མི་རུང་ལ། ཚད་གཞི་ཉིས་བརྩེགས་དེ་བས་ཀྱང་བྱེད་མི་རུང་བ་དང་། ཐ་ན་འགྲོ་བ་མིའི་ཐོབ་ཐང་དེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་ཡང་བརྩི་མི་རུང་། འཐབ་ཇུས་ཀྱི་རང་འགུལ་སྟངས་འཛིན་བྱས་ཏེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ནུས་ཤུགས་ཡོད་རྒུས་ཡག་པོ་ཤོད་པ་དང་། གཟུགས་བརྙན་ཅན་དང་ཞིབ་ཕྲ་ཅན་གྱི་མཚོན་སྟངས་ཐོག་ནས་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བའི་ཡིད་དབང་འཕྲོག་ཤུགས་དང་། ཡིད་དབང་འགུག་ནུས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་འཁུར་ལེན་ལས་སྒྲུབ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་ཀྱི་འཆར་གཞི་དོན་འཁྱོལ་ཏན་ཏིག་བྱེད་དགོས། རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དང་དེང་རབས་ཀྱི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་སློབ་སྦྱོང་བྱས་ནས་ངོས་འཛིན་མཐོ་རུ་གཏོང་བ་དང་གདེང་ཚོད་ཆེ་རུ་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་ལས་དོན་ཁག་རང་འགུལ་ངང་ཡག་པོ་སྒྲུབ་དགོས། ས་ཁུལ་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས།

  
style="display:none;"