མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་
ཉེར་བཞི་པ་གཙོ་སྐྱོང་གནང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་02ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། འཛམ་གླིང་གི་རྩེར་སོན་ཁེ་ལས་སྐྲུན་མགྱོགས་སུ་བཏང་སྟེ་རྨང་གཞིའི་རིག་གཞུང་ཚན་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་28ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་གཙོ་སྐྱོང་གནང་ནས《འཛམ་གླིང་གི་རྩེར་སོན་ཁེ་ལས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་། 《ཀུན་ཕན་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《རྨང་གཞིའི་རིག་ཚན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》 《གཞུང་ཁོངས་ཁེ་ལས་ཀྱི་གསར་གཏོད་ལག་རྩལ་འབྱུང་གནས་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད།
    ཚོགས་འདུའི་ཐོག《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་2021ལོའི་ལས་དོན་ཕྱོགས་སྡོམ་སྙན་ཞུ》དང《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་2022ལོའི་ལས་དོན་གཙོ་གནད》ལ་གྲོས་ཞིབ་བྱས་པ་རེད།
   ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ་ཐོན་རྫས་ཕུལ་བྱུང་དང་། ཚོང་རྟགས་ཕུལ་བྱུང་། གསར་གཏོད་སྔོན་སྐྱོད། བཅོས་སྐྱོང་དེང་རབས་ཅན་བཅས་ཀྱི་འཛམ་གླིང་གི་རྩེར་སོན་ཁེ་ལས་ཁག་ཅིག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་འཕེལ་རྒྱས་སྔར་ལས་ཆེ་བ་དང་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཀུན་ཕན་དངུལ་རྩ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚད་མཐོའི་མཐུན་འཕྲོད་རང་བཞིན་དང་། འགྲན་རྩོད་ནུས་པ། ཀུན་ཕན་རང་བཞིན་བཅས་ལྡན་པའི་དེང་རབས་ཀྱི་དངུལ་རྩའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་མང་ཚོགས་དང་དངོས་ཚན་དཔལ་འབྱོར་སྣ་མང་ཅན་གྱི་དངུལ་རྩའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ། དངུལ་བུན་གཡར་དཀའ་བ་དང་སྐྱེད་ཀ་མཐོ་བའི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱེད་དགོས། རྨང་གཞིའི་རིག་གཞུང་ཚན་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཕྱོགས་ཡོངས་ནས་ཇུས་འགོད་དང་། ཚན་རིག་དང་མཐུན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གཞི་ཁྱོན་གཏན་འཁེལ། གྲུབ་ཚུལ་བཀོད་སྒྲིག་ལེགས་འགྱུར། འདེམས་སྒྲུག་དང་། གསོ་སྐྱོང་། གདེང་འཇོག བཀོལ་སྤྱོད། འགན་སྲུང་སོགས་ཀྱི་ཐད་མ་ལག་ཅན་དང་། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) སྦྲེལ་ཐག་རྣམ་པའི་ཇུས་འགོད་བྱས་ཏེ་རྒྱལ་ཁབ་ཀྱི་གསར་གཏོད་འཕེལ་རྒྱས་ལ་མཁོ་བའི་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་དང་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱིས་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་གཏོད་ནུས་པ་ཆེ་རུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་ལ་སྐུལ་སྤེལ་བཏང་ནས་ཐོན་ལས་འཁོར་འབྲེལ་དང་གསར་གཏོད་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་གསར་གཏོད་ལག་རྩལ་གྱི་དགོས་མཁོའི་ཁྲིད་སྟོན་དང་། འབྱུང་རྩ་ནས་མཁོ་སྤྲོད། ཐོན་ཁུངས་བཀོད་སྒྲིག གཞན་སྒྱུར་བཀོལ་སྤྱོད་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་གསར་གཏོད་ལག་རྩལ་གྱི་འབྱུང་གནས་ཤིག་གཏོད་དགོས།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
   ཚོགས་འདུའི་ཐོག་བསྟན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཁེ་ལས་འཕེལ་རྒྱས་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཁེ་ལས་སྣ་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས། ལས་རིགས་ཁག་གི་སྣེ་འདྲེན་ཁེ་ལས་ལ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེན་པོ་ལྡན་ཡོད། ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་དང་འགག་རྩའི་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པའི་ཆེད་ལས་དང་། སྤུས་ལེགས། དམིགས་བསལ། གསར་པ་བཅས་ཀྱི་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་ལ་ཤུགས་སྣོན་རྒྱག་པ། སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཁེ་ལས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱིས་རང་འགུལ་ངང་ལག་རྩལ་གསར་གཏོད་དང་། དོ་དམ་གསར་གཏོད། ཚོང་ལས་རྣམ་པ་གསར་གཏོད་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། དངོས་ཚན་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འཁོར་འབྲེལ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོར་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཐོན་རྫས་ཀྱི་ཞབས་ཞུ་གཏོད་དགོས། ཁེ་ལས་ཀྱིས་རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་གང་ལེགས་བྱེད་པར་རྒྱབ་སྐྱོར་དང་། གོ་ལ་ཧྲིལ་པོར་ཕྱོགས་པའི་ཐོན་ཁུངས་བཀོད་སྒྲིག་དང་བསྡུ་སྒྲིལ་བྱེད་ནུས་ཆེ་རུ་བཏང་ནས་རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ལེགས་ཆ་དེ་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས། ནུས་པ་ཐོན་པའི་སྲིད་གཞུང་དང་ནུས་ལྡན་ཁྲོམ་ར་ཟུང་འབྲེལ་སྔར་ལས་ལེགས་པ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་ལྟ་འདོམས་དང་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་གསོན་ཤུགས་སྲུང་སྐྱོང་དང་སྐུལ་སློང་བྱེད་པ། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་བཅས་བྱས་ཏེ། ཕུལ་བྱུང་ཁེ་ལས་སྔར་བས་མང་བ་ཁྲོམ་རའི་འགྲན་རྩོད་ཁྲོད་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཁེ་ལས་ཀྱིས་བརྟན་པོའི་ངང་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།
   ཚོགས་འདུའི་ཐོག་བསྟན་གནང་དོན། རང་རྒྱལ་ལ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མཐོ་རིམ་སློབ་གསོའི་མ་ལག་ཡོད་པ་དང་། བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཡོད་པ། ཕུལ་བྱུང་གི་ཤེས་ལྡན་མི་སྣ་འབོར་ཆེན་ཟམ་མི་ཆད་པར་གསོ་སྐྱོང་དང་སྐྱེད་སྲིང་ཐུབ་པ། སློབ་དཔོན་ཆེན་པོ་སྐྱེད་སྲིང་བྱེད་ནུས་ཡོངས་སུ་ལྡན་ཡོད། རྨང་གཞིའི་རིག་ཚན་གྱི་ཤེས་ལྡན་མི་སྣ་རང་རྟེན་གསོ་སྐྱོང་བྱེད་པའི་ལམ་བུའི་ཐོག་ཡག་པོ་བསྐྱོད་ནས་འཛམ་གླིང་གི་ཚན་རྩལ་གསར་ཤོས་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་མཐའ་འཁྱོངས་བྱས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རྨང་གཞིའི་རིག་ཚན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཤེས་ལྡན་མི་སྣར་ཏང་གཅེས་རྒྱལ་གཅེས་ཀྱི་བསམ་པ་ཟབ་མོ་འཆང་དུ་འཇུག་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་ལ་ཞུན་བརྡར་བྱེད་པར་ཁྲིད་སྟོན་བྱས་ཏེ། སེམས་སུ་མེས་རྒྱལ་འཆང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཚན་རིག་མཁས་ཅན་རྒན་རབས་ཚོའི་ཕུལ་བྱུང་གཤིས་རྒྱུད་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་ལམ་ལུགས་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ། རྨང་གཞི་ཡག་པོ་འདིང་བ་དང་ཕུགས་ཕན་གྱི་གྲབས་གསོག་བྱས་ནས་མཐོ་སློབ་དང་ལྷག་པར་དུ“རྩེ་གྲ་གཉིས”ཀྱི་སློབ་ཆེན་གྱིས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་ཡག་པོ་བྱེད་དགོས་ལ། ཤེས་ལྡན་མི་སྣ་དེ་བས་བཀོལ་སྤྱོད་ཡག་པོའང་བྱེད་དགོས།
   ཚོགས་འདུའི་ཐོག་ནན་བཤད་གནང་དོན། གཞུང་ཁོངས་ཁེ་ལས་ཀྱིས་གསར་གཏོད་ལག་རྩལ་འབྱུང་གནས་འཛུགས་པར་སྐུལ་འདེད་བཏང་ནས་འཐབ་ཇུས་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ། དམངས་འཚོ་ལེགས་གཏོང་བཅས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ཏེ་གསར་གཏོད་ལག་རྩལ་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་། ལག་རྩལ་གསར་ཤོས་དང་རྩ་སློག་རང་བཞིན་གྱི་ལག་རྩལ་ལ་སྔོན་ཚུད་ནས་བཀོད་ཇུས་བྱེད་པ། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་དང་། གསར་གཏོད་མཐུན་སྦྱོར་ཟབ་གཏོང་། གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད། གསར་གཏོད་སྐྱེ་ཁམས་ལེགས་གཏོང་བཅས་ཐད་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་ཡག་པོ་བཅས་བྱེད་དགོས། འགན་འཁྲིའི་འབྲེལ་ཐག་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས།
   ཚོགས་འདུའི་ཐོག་ནན་བཤད་གནང་དོན། འདི་ལོའི་ལོ་སྨད་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པས། སྒྱུར་བཅོས་ལས་དོན་གོམ་སྟབས་མགྱོགས་ཤིང་བརྟན་པ་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ལ། རྣམ་པ་གསར་པ་ཡང་ཐོན་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ལ་གང་མགྱོགས་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་འགག་སྒྲོལ་ཚད་བརྒལ་དང་དོན་འཁྱོལ་གྱི་ཕན་འབྲས་ཐོན་པར་གང་མགྱོགས་སྐུལ་འདེད་གཏོང་བ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུར་མཐོང་ཆེན་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་འཕེལ་རིམ་གསར་པ་དང་། གྲུབ་འབྲས་གསར་པ། ཉམས་མྱོང་གསར་པ་བཅས་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། སླད་ཕྱིན་དུས་སྐབས་ཤིག་རིང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་གཙོ་རྒོལ་ཁ་ཕྱོགས་དང་། འཐབ་ཇུས་ཀྱི་གཙོ་གནད། ལས་འགན་དང་བྱེད་ཐབས་བཅས་ལ་ཞིབ་འཇུག་དམ་འཛིན་བྱེད་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྒྱུར་བཅོས་གསར་གཏོད་ཀྱི་གསོན་ཤུགས་དང་མི་མངོན་པའི་ནུས་པ་འཕེལ་བ་བཅས་བྱས་ཏེ། བརྟན་ཞིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་ཡོང་བར་ལམ་ལུགས་ཀྱི་ཆ་རྐྱེན་བཟང་པོ་སྐྲུན་དགོས།

  
style="display:none;"