མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་
གཉིས་པའི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་18ཉིན། 11:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སར་མར་ཧན་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ལ་ཞུགས་པ་རེད། ཁྱབ་ཁོངས་ཆུང་བའི་གྲོས་མོལ་མ་གནང་གོང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལྷན་བཞུགས་དྲན་རྟེན་སྐུ་པར་སྐྱོན་བཞིན་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སར་མར་ཧན་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ལ་ཞུགས་པ་རེད། ཁྱབ་ཁོངས་ཆུང་བའི་གྲོས་མོལ་མ་གནང་གོང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལྷན་བཞུགས་དྲན་རྟེན་སྐུ་པར་སྐྱོན་བཞིན་པ།

   ཤིན་ཧྭ་གསར་འགྱུར་ཁང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སར་མར་ཧན་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སར་མར་ཧན་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ལ་ཞུགས་པ་རེད།
    ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁཱ་ཡེ་ཧྥུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཙི་བཅས་ཚོགས་འདུར་ཞུགས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བ་དང་དེ་བཞིན་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་དམིགས་ནས་བསམ་འཆར་བརྗེ་རེས་གནང་བ་རེད།
    ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་9དང་སྐར་མ་55ཙམ་ལ། ཞི་ཅིན་ཕིང་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་སྔ་རྗེས་སུ་སར་མར་ཧན་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་ཕེབས་འབྱོར་ཟིན་པ་དང་། ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད།
    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་རྗེས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་གནང་སྐབས། ཨུ་ཟ་བྷེ་ཁི་སི་ཐན་གྱིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་། སར་མར་ཧན་དབུ་ཚོགས་སོགས་ཀྱི་བྱེད་སྒོ་གྲ་སྒྲིག་བྱས་པ་དང་རྩ་འཛུགས་འདི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ཧུར་ཐག་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་རེད།
   ཞི་ཅིན་ཕིང་གིས་གཤམ་གསལ་ལས་དོན་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་སྟེ།
    གཅིག་ནས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མཐུན་སྒྲིལ་མཉམ་ལས་སྲ་བརྟན་དུ་གཏོང་དགོས་ཤིང་། རྩ་འཛུགས་འདིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་རོལ་ཁོར་ཡུག་གི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁ་གཏད་གཅོག་དགོས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཕན་ཚུན་དབར་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱེད་པའི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་ཞིག་ཏུ་འགྱུར་བར་བྱེད་དགོས།
   གཉིས་ནས་འཐབ་ཇུས་རང་བརྟེན་མཐའ་འཁྱོངས་བྱས་ནས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཤིང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་བཏང་ནས་དཔུང་ཁག་ལ་ངོ་རྒོལ་བྱེད་པ་དང་ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་རེ་ངན་བཅངས་རིགས་ཚང་མ་བཀག་འགོག་བྱེད་དགོས། ས་ཁུལ་དང་རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོར་གཞི་ཚུགས་ཏེ་བདེ་འཇགས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་ཟབ་ཏུ་བཏང་ནས། ས་ཁུལ་ཡུན་རིང་བདེ་འཁོད་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་འདིའི་ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་བཏང་ནས། འཇིགས་སྐུལ་ཐལ་སྐྱོད་ཕྱོགས་གཏོགས་ཀྱིས་ས་ཁུལ་གྱི་བདེ་འཇགས་ལ་ཆག་སྒོ་དང་གནོད་འཚེ་བཟོ་རིགས་ནན་འགོག་བྱེད་དགོས།
   གསུམ་ནས་ཀུན་ཕན་བསྟུན་མཁས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཤིང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་བདེ་བླག་ཡོང་བར་སྲུང་སྐྱོང་བྱེད་པ། ཐོན་ཁུངས་ཀྱི་གཞི་རྒྱུ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་ཁོངས་ཀྱི་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་། དེ་བཞིན་ས་ཁུལ་གཞན་དག་གཞི་གཅིག་ཅན་གྱི་གྲོས་འགོ་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕར་བའི་གསོན་ཤུགས་འཕེལ་བར་བྱེད་དགོས།
   བཞི་ནས་ཁོངས་མིའི་རྒྱལ་ཁབ་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་མཐའ་འཁྱོངས་བྱས་ནས་རྩ་འཛུགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། རྒྱལ་ཁབ་དེ་བས་མང་བས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་ཚང་ཆེ་མོར”ཞུགས་རྒྱུའི་འདུན་ཞུ་བྱས་པ་དེ་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ཀྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པ་མཚོན་གྱི་ཡོད། གོ་སྐབས་དམ་འཛིན་དང་དུས་ཚོད་དམ་འཛིན་གྱིས་ལས་དོན་བསྒྲུབས་ཏེ་རྩ་འཛུགས་འདི་གའི་མཉམ་ལས་དཔུང་ཁག་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་ནས། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པའི་སྐྱེ་ལྡན་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་བཅས་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ནས་དུས་མཚམས་རྗེས་མའི་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་འགོད་ཉེར་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་དང་། སྒོ་དབྱེ་འཕེལ་རྒྱས། མཉམ་ལས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཕྱི་འབྲེལ་གྱི་ཁ་ཕྱོགས་དང་པོར་བརྩི་རྒྱུ་མ་ཟད། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"