མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ལི་ཁོའོ་པི་ཡ་ཁོའི་ཕུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་14ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ལི་ཁོའོ་པི་ཡ་ཁོའི་ཕུའུ་དང་མཇལ་འཛོམས་གནང་བ།

མི་དངམས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མེན་སི་ཁེར་བྷེ་ཨུ་རུ་སུའི་ཙུང་ལི་ཁོའོ་པི་ཡ་ཁོའོ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ཟབ་ལ་རྒྱ་ཆེ་བའི་འཕེལ་རྒྱས་ཕྱིན་ཡོད། ཁ་ཉིན་ངས་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་མཉམ་དུ་ལྷག་བསམ་ཟོལ་མེད་དང་གྲུབ་འབྲས་ཐོབ་པའི་སྒོ་ནས་གྲོས་མོལ་བྱས་ཏེ་ཀྲུང་གོ་དང་བྷེ་ཨུ་རུ་སུའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐད་གལ་ཆེའི་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ཕྱོགས་གཉིས་པོའི་གཙོ་གནད་མཉམ་ལས་ཀྱི་ཁྱབ་ཁོངས་དང་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ང་ཚོས་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་སྐྲུན་རྒྱུ་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བ་དེ་གོ་སྐབས་སུ་བྱས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མང་གི་དངོས་གཉེར་མཉམ་ལས་སྤེལ་བ་བཅས་ཀྱི་ཐོག་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་ཟབ་ཏུ་གཏོང་རྒྱུའི་གཏན་འཁེལ་བྱས་ཡོད།
         ཕྱོགས་གཉིས་པོས་ཐུན་མོང་གི་ངོས་འཛིན་གལ་ཆེན་དེ་དག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཡག་པོ་བྱེད་པ། ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་སོགས་རྣམ་གྲངས་ཆེ་མོའི་མཉམ་ལས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ད་ཕན་ལོ་ཤས་རིང་ཀྲུང་གོ་དང་བྷེ་ཨུ་རུ་སུའི་ཕྱོགས་གཉིས་པོའི་མཐའ་མཚམས་ཚོང་དོན་བསྡོམས་འབོར་ཆེས་ཆེར་འཕར་ཡོད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་གསབ་རེས་རང་བཞིན་ཆེ་བར་བརྟེན་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུ་དང་མཉམ་དུ་ཚོང་དོན་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། ཚོང་དོན་གྱི་གྲུབ་ཆ་ལེགས་སྒྲིག ཚོང་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཚོང་དོན་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་ནི་ཕྱོགས་གཉིས་པོའི་དངོས་གཉེར་མཉམ་ལས་ཀྱི་འཚོལ་ཞིབ་གསར་པ་ཞིག་ཡིན་ལ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་སྐྲུན་རྒྱུའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་ཡིན། ཕྱོགས་གཉིས་པོས་གླིང་ནང་འཛུལ་བའི་རྣམ་གྲངས་འབྲེལ་མཐུད་བྱེད་པ་དང་ཆབས་ཅིག་ཕུགས་ཇུས་བཏིང་ནས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་གིས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཐོན་ལས་ཤིག་གཏོད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ལྷན་དང་ཀྲུང་གོ་དང་བྷེ་ཨུ་རུ་སུའི་ས་གནས་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལས་དོན་ཚོགས་ཆུང་སོགས་ཀྱི་ལམ་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དུས་བབ་གསར་པའི་འོག་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ཁ་ཕྱོགས་དང་དམིགས་ཚད་གཏན་འཁེལ་དང་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་ས་གནས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ང་ཚོས་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཁོའོ་པི་ཡ་ཁོའོ་ཕུའུ་ཡིས་བྷེ་ཨུ་རུ་སུ་ནི་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་རོགས་ཟླ་ཡིན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པས་བྷེ་ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་རྒྱུར་གཞོལ་རྒྱུ་ཡིན། བྷེ་ཨུ་རུ་སུ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོའི་ཚོང་དོན་ཆུ་ཚད་མཐོ་རུ་གཏོང་བ་དང་ཚོང་དོན་གྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུ་ཡིན་ལ་རྒྱལ་ཁབ་གཉིས་པོའི་མ་རྩ་མཉམ་འདྲེས་མཉམ་ལས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་འདེགས་སྐྱོར་མཁོ་འདོན་བྱེད་འདོད་ཡོད། བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་གྲོས་འགོ་དེ་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ཡིས་བཏོན་པའི་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་བསམ་བཀོད་དང་འབྲེལ་མཐུད་བྱས་ཏེ་ས་གནས་དེ་གའི་མི་སྣ་དང་མ་རྩ་འཁོར་སྐྱོད་བྱེད་མགྱོགས་སུ་བཏང་ནས་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
         བྷེ་ཨུ་རུ་སུས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་སྐྲུན་རྒྱུར་ལྷག་པར་མཐོང་ཆེན་བྱས་ཏེ་དེ་བྷེ་ཨུ་རུ་སུའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་རྟགས་ལ་བརྩི་རྒྱུ་དང་འབྲེལ་ཀྲུང་གོའི་ཁེ་ལས་བཟོ་ལས་གླིང་དུ་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། བྷེ་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རྫས་འགྱུར་བཟོ་ལས་དང་། སྐྱེ་དངོས། སྨན་དང་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་མཉམ་ལས་ཆེ་རུ་གཏོང་བ་དང་ཡུལ་སྐོར་མཉམ་ལས་རྒྱ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆོག་ཅེས་གསུངས་པ་རེད།