མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་12ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མོ་སི་ཁོར་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
          ཞིས་ཅིན་ཕིང་གིས་དེ་ཉིན་ཐང་ཆེན་དམར་པོར་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ལས་ཨུ་རུ་སུའི་མི་དམངས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་བྱ་གཞག་ཁྲོད་ཐོབ་པའི་གྲུབ་འབྲས་གསར་པ་སླར་ཡང་མངོན་་པར་བྱས་ལ། འཛམ་གླིང་ལ་ཨུ་རུ་སུས་རྒྱལ་ཁབ་གཞན་དང་མཉམ་དུ་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་ཡིད་ཆེས་བསྟན་པ་ཞིག་ཀྱང་ཡིན་པས་ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་ཁབ་གཉིས་ཀྱིས་འདི་ལོར་རི་འགོག་དམག་འཁྲུག་དང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་བྱེད་སྒོ་སོ་སོར་གཉེར་བ་དེའི་དམིགས་ཡུལ་ནི་ལོ་རྒྱུས་ཕྱོགས་སྡོམ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ། ཞི་བདེ་སྲུང་སྐྱོང་། མ་འོངས་པར་དྲན་སྐུལ་གཏོང་རྒྱུ་དེ་ཡིན་ཞེས་གསུངས།
        ཞིས་ཅིན་ཕིང་གིས་དེ་ནི་ངས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བླངས་ནས་ལོ་གཉིས་ལྷག་ཙམ་རིང་ཨུ་རུ་སུར་འཚམས་འདྲི་བྱེད་ཐེངས་བཞི་པ་ཡིན། ཚེས་8ཉིན་ང་དང་ཙུང་ཐུང་ཕུའུ་ཅིང་དབར་གྲོས་མོལ་ཟབ་ཅིང་རྒྱ་ཆེ་ཞིག་བྱས་ནས་དུས་བབ་གསར་པའི་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་ཐད་ཚད་མཐོའི་གཅིག་གྱུར་གྱིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་མུ་མཐུད་མཐོ་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་ཐག་བཅད་པ་ཡིན། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཆབ་སྲིད་ཐད་ངོས་འཛིན་གཅིག་མཐུན་བརྟན་པོ་ཞིག་བྱུང་ལ་དམངས་འདོད་ཀྱི་རྨང་གཞི་བརྟན་པོའང་བྱུང་བའི་ཁར་ནང་གནས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་ལྡན། ཚེས་8ཉིན་ངས་ཀྲུང་གོར་རོགས་སྐྱོར་བྱེད་མཁན་རིགས་གཅིག་མཁས་པ་དང་ཁོང་ཚོའི་གཉེན་ཉེའི་འཐུས་མི་ཁག་གཅིག་ལ་ཐུག་འཕྲད་བྱེད་རིང་། ཀྲུང་གོ་མི་དམངས་ཀྱིས་ཨུ་རུ་སུའི་རིགས་གཅིག་མཁས་པ་ཚོས་ཀྲུང་གོའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བ་བརྗེད་མི་སྲིད་ལ་ཀྲུང་གོ་དང་ཨུ་རུ་སུའི་མི་དམངས་དབར་གྱི་མཛའ་མཐུན་ནམ་ཡང་མི་ཉམས་པར་གནས་རྒྱུ་རེད་ཅེས་བཤད་པ་ཡིན་ཞེས་ནན་གསུངས་གནང་།
         ཞིས་ཅིན་ཕིང་གིས་2013ལོའི་ཟླ་9པར་ངས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུའི་གྲོས་འགོ་བཏོན་རྗེས་ཨུ་རུ་སུའི་གྲོགས་པོ་ཚོས་བརྡ་ལན་ཧུར་ཐག་ཞུས་ཡོད། ང་དང་ཙུང་ཐུང་ཕུའུ་ཅིང་གིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་རྒྱུ་དང་སྦྲེལ་རྒྱུའི་ཐག་བཅད་པ་དེས་ཕྱོགས་གཉིས་ཀའི་ཁེ་ཕན་འབྲེལ་འདྲིས་ཟབ་མོ་ཡོང་བར་ཕན་ཐོགས་ཆེ་ལ་ང་ཚོ་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་དེ་བས་ཕན་པ་ཆེན་པོ་ལྡན་པར་བརྟེན་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་རྟིང་ཤུགས་ཆེན་པོ་མུ་མཐུད་བཏོན་ནས་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཡོད་གྲུབ་འབྲས་སྔར་ལས་མང་བ་ཐོབ་པ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྔར་ལྷག་ཐོབ་པ་རེ་བ་ཡོད། ཕྱོགས་གཉིས་ཀས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མྱུར་བགྲོད་ལྕགས་ལམ་དང་། མཁའ་འགྲུལ། མཁའ་སྐྱོད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཆེན་པོར་མཉམ་ལས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་སྔ་ཙམ་དོན་ཐོག་སྨིན་པ་བྱས་ཁར་རྒྱང་ཤར་ས་ཁུལ་གྱི་མཉམ་ལས་དང་དངུལ་རྩའི་མཉམ་ལས་ལ་ཤུགས་སྣོན་གྱིས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་དང་དར་གོས་ལམ་བུའི་ཐེབས་རྩ་སོགས་ཀྱི་མ་དངུལ་མཉམ་འདྲེས་ལས་སྟེགས་ལེགས་པར་སྤྱད་ནས་ང་ཚོས་ཨུ་རུ་སུ་དང་མཉམ་དུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་གྱིས་སང་ལོ་དང་གནངས་ལོའི་ཀྲུང་གོ་དང་ཨུ་རུ་སུའི་སྨྱན་སྦྱོར་སྤེལ་རེས་ལོའི་བྱེད་སྒོ་ཡག་པོ་གཉེར་རྒྱུའི་འདུན་པ་ཡོད་ཅེས་གསུངས།
         མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་མོ་སི་ཁོའི་ཨུ་རུ་སུའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། སྐུ་ཉིད་ཨུ་རུ་སུར་མ་ཕེབས་པའི་སྔ་ནུབ་ཏུ་སྤེལ་བའི་རྩོམ་ཡིག་ལ་ཕྲན་གྱིས་བལྟས་པ་ཡིན། དེའི་ནང་ཁྱེད་ཀྱིས་ལོ་རྒྱུས་བརྗེད་ན་རྒྱབ་གཏོད་བྱས་པ་ཡིན་ཞེས་གསུངས་པར་ཕྲན་རྦད་དེ་མོས་མཐུན་ཡོད། ཨུ་རུ་སུ་དང་ཀྲུང་གོའི་རླབས་ཆེན་མི་རིགས་གཉིས་ཀྱིས་ཧྥ་ཤི་སི་རིང་ལུགས་དང་དམག་རྒྱལ་རིང་ལུགས་ལས་རྣམ་པར་རྒྱལ་བར་ལེགས་སྐྱེས་ཆེན་པོ་ཕུལ་ལ། མཇུག་འགྲིལ་མ་ཐག་པའི་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རུ་སྟར་གྱིས་བག་ཆགས་ཟབ་མོ་བཞག་བྱུང་ཞེས་གསུངས།
         མའེ་ཏེ་ཝུའེ་ཅི་ཕུའུ་ཡིས། ད་ཆ་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་པ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་དང་རིམ་པ་ཁག་ནང་འབྲེལ་ལམ་མཐུན་སྦྱོར་ཟབ་མོ་བྱུང་ཡོད། ཚེས་8ཉིན་ཁྱེད་དང་ཙུང་ཐུང་ཕུའུ་ཅིང་དབར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་རྒྱལ་ཁབ་གཉིས་པོས་དོན་འཁྱོལ་ཡོང་བ་བྱེད་དགོས་པ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་གྱིས་མ་འཇོག་དང་། དངུལ་རྩ། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་ཆེན་བྱས་ཏེ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཕེལ་རྒྱས་གཏོང་རྒྱུ་དང་སྦྲེལ་རྒྱུར་སྐུལ་མ་བཏང་སྟེ་ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་དང་དམག་དཔུང་གཉིས་དབར་སྤེལ་རེས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།