མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་12ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མེན་སི་ཁེ་རུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱས་ཏེ་ཀྲུང་བྷེ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་སྐབས་གསར་པ་གཏོད་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་བྷེ་ཨུ་རུ་སུ་ནི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ལྟ་རོགས་སྲུང་རོགས་བྱེད་པ་དང་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་རྒྱུན་འཁྱོངས་བྱས་པས་ཕྱོགས་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། 2013ལོར་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་ཕྱོགས་གཉིས་པོའི་རིམ་པ་ཁག་གི་འགྲོ་འོང་ཉིན་བཞིན་ཇེ་ཟབ་ཏུ་སོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་ཀྲུང་བྷེའི་འབྲེལ་བ་དེ་ངེས་གནས་མཐོ་བ་དང་། རྨང་གཞི་བརྟན་པ། ལམ་སྲོལ་འཐུས་ཚང་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ད་ཐེངས་ང་རང་འཚམས་འདྲིར་ཡོང་བ་དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གཙོ་བོ་ལོ་14སོང་རྗེས་སླར་ཡང་བྷེ་ཨུ་རུ་སུར་འཚམས་འདྲིར་ཡོང་བ་ཞིག་རེད། ཕྱོགས་གཉིས་པོས་ང་ཚོའི་ད་ཐེངས་ཀྱི་གྲོས་མོལ་དེ་གོ་སྐབས་སུ་བཟུང་ནས་རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་འབྲེལ་བ་དེ་དངོས་དངོས་རྗེན་རྗེན་དང་དམ་པ་དོན་གཉེར་གྱི་མཉམ་ལས་ཀྱི་གྲུབ་འབྲས་ལ་འགྱུར་བ་བྱས་ནས་ཀྲུང་བྷེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་སྐབས་གསར་པ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་པའི་ནན་བཤད་གནང་ཞིང་། ཞིས་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་ཐད་གྲོས་འགོ་ཁག་4བཏོན་གནང་བ་སྟེ།
         གཅིག ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཕན་ཚུན་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་བཏོད་དེ་ཕར་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་ལམ་བུ་རང་རྟོགས་ངང་བདམས་པར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་དགོས་པ་དང་།
         གཉིས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་མ་བཏང་ནས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་མཉམ་དུ་གཏོད་དགོས། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་ཚོང་དོན་རྒྱ་ཆེར་གཏོང་བ་དང་ཚོང་དོན་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ཚོང་དོན་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།
         གསུམ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ས་གནས་ཀྱི་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་སྤྱི་ཚོགས་དང་དམངས་ཁྲོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུ་ཕྱོགས་ལ་ཁུང་ཙེ་སློབ་གླིང་དང་ཀྲུང་གོའི་རིག་གནས་ཉིན་མོའི་བྱེད་སྒོ་ཡག་པོ་མུ་མཐུད་གཉེར་རོགས་དང་ཀྲུང་གོའི་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆར་བརྟེན་ནས་བྷེ་ཨུ་རུ་སུའི་འབྲེལ་ཡོད་ས་ཁུལ་དུ་ཁ་གཏད་དང་ཕན་གསབ་མཉམ་ལས་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་དམ་པ་དོན་གཉེར་གྱི་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས་པ།
         བཞི། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་སྒོའི་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་བྱ་ཤུགས་ཆེ་རུ་གཏོང་དགོས། འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་བྷེ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་ཡག་པོ་བྱས་ཏེ་མཉམ་ལས་གཉིས་ཕན་ལྟེ་བར་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་རེད།
         ཞིས་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པ་དང་ཀྲུང་གོའི་མི་དམངས་ཀྱིས་རི་འགོག་དམག་འཁྲུག་རྒྱག་སྔ་ཤོས་དང་རྒྱུན་མཐུད་དུས་ཚོད་རིང་ཤོས་རེད། ཀྲུང་གོའི་མི་དམངས་དང་བྷེ་ཨུ་རུ་སུའི་མི་དམངས་ཀྱིས་ཧྥ་ཤི་སི་རིང་ལུགས་དང་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལས་རྣམ་པར་རྒྱལ་ཆེད་རང་སྲོག་བློས་གཏོང་ཚད་མེད་བྱས་པ་དང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད།
         ང་ཚོས་དྲན་གསོའི་བྱེད་སྒོ་སྤེལ་ནས་ལོ་རྒྱུས་བློ་ལ་བརྟན་པོ་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན། ཞི་བདེར་གཅེས་སྤྲས། འབྱུང་འགྱུར་ལ་ཉེན་གཏོང་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ལུའུ་ཁ་ཧྲེན་ཁོའོ་ཡིས་རླབས་ཆེན་གྱི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་སྐབས་དང་བསྟུན་ནས་ཀྲུའུ་ཞི་ཞིས་ཅིན་ཕིང་བྷེ་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། བྷེ་ཨུ་རུ་སུ་ཕྱོགས་ཀྱིས་བྷེ་ཀྲུང་དབར་གྱི་འབྲེལ་བར་བརྩི་མཐོང་བྱེད་པ་དང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་བྷེའི་དབར་གྱི་མཛའ་གྲོགས་མཉམ་ལས་ལ་མཐོང་ཆེན་བྱེད་པ་དང་བྷེ་ཨུ་རུ་སུར་ཆབ་སྲིད་ཀྱི་ཟུར་སྣོན་ཆ་རྐྱེན་གང་ཡང་མེད་པའི་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྷེ་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། མ་འཇོག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད།
བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་ཚོང་དོན་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞོལ་ནས་རྒྱལ་ཁབ་གཉིས་པོའི་ཚན་རྩལ་དང་། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ཇུས་འགོད་གལ་ཆེན་ལ་ང་ཚོས་རྦད་དེ་རྒྱབ་སྐྱོར་ཞུས་ཏེ་བྷེ་ཨུ་རུ་སུ་ཕྱོགས་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་གལ་ཆེའི་ཀ་རྟེན་ཞིག་ཏུ་འགྱུར་འདོད་ཡོད། བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ལུའུ་ཁ་ཧྲེན་ཁོའོ་ཡིས། བྷེ་ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀ་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། བྷེ་ཨུ་རུ་སུས་ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
          གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བྷེ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》དང《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བྷེ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་གནང་བ་དང་ཆབས་ཅིག ཆབ་སྲིད་དང་། རིག་གནས། དཔལ་འབྱོར། ལག་རྩལ། སློབ་གསོ། ས་གནས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་པར་དཔང་པོའང་གནང་བ་རེད།