མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་སོགས་ནང་ཞུགས་
མྱོང་བའི་ཉེས་འཁུར་ཉེས་ཅན་རིགས་བཞིར་དམིགས་བསལ་བཙོན་འགྲོལ་གཏོང་
བའི་ཀྲུའུ་ཞིའི་བཀའ་རྒྱར་མཆན་འགོད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་སོགས་ནང་ཞུགས་
མྱོང་བའི་ཉེས་འཁུར་ཉེས་ཅན་རིགས་བཞིར་དམིགས་བསལ་བཙོན་འགྲོལ་གཏོང་
བའི་ཀྲུའུ་ཞིའི་བཀའ་རྒྱར་མཆན་འགོད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དམིགས་བསལ་དུ་བཙོན་འགྲོལ་གཏོང་བའི་ཀྲུའུ་ཞིའི་བཀའ་རྒྱར་མཆན་འགོད་གནང་བ་དེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་ཚེས་29ཉིན་གྲོས་འཆམ་བྱུང་བའི་ཉེས་འཁུར་ཉེས་ཅན་ཁག་གཅིག་དམིགས་བསལ་བཙོན་འགྲོལ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཆོད་ལ་གཞིགས་ནས་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་སོགས་ནང་ཞུགས་མྱོང་བའི་ཉེས་འཁུར་ཉེས་ཅན་རིགས་བཞི་དམིགས་བསལ་བཙོན་འགྲོལ་གཏོང་རྒྱུ་ཡིན་པ་རེད།
         དམིགས་བསལ་དུ་བཙོན་འགྲོལ་གཏོང་བའི་ཀྲུའུ་ཞིའི་བཀའ་རྒྱ་ལྟར་ན་2015ལོའི་ཟླ་1ཚེས་1ཉིན་གོང་མི་དམངས་ཁྲིམས་ཁང་གིས་གོ་ཆོད་ཁྲུན་ཆོད་བཅད་པ་ལྟར་ཉེས་པ་འཁུར་བའི་ཉེས་ཅན་ཏེ། དེ་ཡང་བཙོན་འགྲོལ་བཏང་རྗེས་དངོས་ཡོད་སྤྱི་ཚོགས་ལ་ཉེན་ཁ་མི་བཟོ་བའི་ཉེས་ཅན་རིགས་བཞི་དམིགས་བསལ་བཙོན་འགྲོལ་གཏོང་རྒྱུ་ཡིན་པ་རེད། དེ་ཡང་རིགས་དང་པོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་དམག་འཁྲུག་ནང་ཞུགས་མྱོང་བ་དང་། གཉིས་པ་ནི་ལྐོག་ཟ་ལྐོག་ལེན་གྱི་ཉེས་པ་གསོག་པ་དང་། རྐང་བཙུགས་ནས་མི་བསད་པ། བཙན་གཡེམ། འཕྲོག་བཅོམ། བཙན་ཁྲིད། མེ་བརྒྱབ་པ། འབར་རྫས་སྤར་བ། ཉེན་ཁ་ཆེ་བའི་དངོས་རིགས་བླུགས་པ་དང་འཇོག་པའམ་ཡང་ན་སྒྲིག་འཛུགས་ཡོད་པའི་གཏུམ་སྤྱོད་ཉེས་གསོག་དང་། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུགས་ཉེས་གསོག རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག འཇིགས་སྐུལ་བྱེད་སྤྱོད་སྤེལ་བའི་ཉེས་པ་གསོག་མཁན་དང་། སྒྲིག་འཛུགས་ལྡན་པའི་ཉེས་གསོག་གི་བྱེད་གཏེ། བྱས་ཉེས་མང་པོ་གསོག་མཁན་ཕུད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ས་ཆ་ཧྲིལ་པོ་བཅས་བསྲུངས་བའི་ཕྱི་ལ་དམིགས་པའི་དམག་འཁྲུག་ནང་ཞུགས་མྱོང་རིགས། གསུམ་པ་ནི་ལོ་བདུན་ཅུ་དོན་ལྔ་ཟིན་ཞིང་དབང་པོར་སྐྱོན་ཚབས་ཆེན་བྱུང་ནས་འཚོ་བ་རང་རྐྱ་མི་ཐུབ་རིགས། བཞི་པ་ནི་རྐང་བཙུགས་ནས་མི་བསད་པ་དང་། བཙན་གཡེམ་བྱས་པ་སོགས་ཀྱི་ཚབས་ཆེའི་གཏུམ་སྤྱོད་ཉེས་པ་དང་འཇིགས་སྐུལ་བྱེད་སྤྱོད་ཀྱི་ཉེས་པ་དང་དུག་ཚོང་གི་ཉེས་པ་གསོག་མཁན་ཕུད་ཉེས་པ་གསོག་སྐབས་ཧྲིལ་ལོ་བཅོ་བརྒྱད་ལ་སླེབས་མེད་པའི་ཁར་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གི་ཁྲུན་ཐག་བཅད་པའམ་ཡང་ན་ཉེས་ཆད་དུས་ཚད་ལྷག་མ་ལོ་གཅིག་མན་ཡོད་རིགས་བཅས་ཡིན་པ་རེད།
         དམིགས་བསལ་དུ་བཙོན་འགྲོལ་གཏོང་བའི་ཀྲུའུ་ཞིའི་བཀའ་རྒྱའི་ནང་། 2015ལོའི་ཟླ་8ཚེས་29ཉིན་གྱི་བཀའ་རྒྱར་གསལ་བའི་གོང་གསལ་གྱི་ཆ་རྐྱེན་འཛོམས་པའི་ཉེས་འཁུར་ཉེས་ཅན་ལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་ཁྲུན་ཐག་བཅད་རྗེས་བཙོན་འགྲོལ་གཏོང་རྒྱུ་ཡིན་པ་འཁོད་ཡོད།