མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བོད་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་
གོམ་སྟབས་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་26ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་བོད་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་
གོམ་སྟབས་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ།

     མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་2015ལོའི་ཟླ་8ཚེས་24ནས་ཚེས་25ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་། ཞིས་ཅིན་ཕིང་གིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་དུ་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་མཇུག་སྒྲིལ་སྐབས་གསུང་བཤད་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲང་ཏེ་ཅང་དང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་གྱི་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་བླང་བྱ། བྱེད་ཐབས་གལ་ཆེན་བཅས་ཁ་གསལ་བཟོས་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཚོགས་འདུའི་ཐོག་ད་དུང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
     ཞིས་ཅིན་ཕིང་གིས་གསུང་བཤད་ཁྲོད་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་གིས་སྔར་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་60ལྷག་ཙམ་གྱི་ལག་ལེན་གྱི་བརྒྱུད་རིམ་ནང་ང་ཚོར་ཏང་གི་བོད་སྐྱོང་ཐབས་ཇུས་ཆགས་པ་དེ་ནི་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་དང་ཡང་དག་པའི་ངང་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ། ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་པོ་སྤྱི་འདོམས་བྱེད་པའི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་རེད།
     ཞིས་ཅིན་ཕིང་གིས་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཏང་ཀྲུང་དབྱང་གིས་བཏོན་པའི་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་རེད། ཁྲིམས་ལྟར་བོད་སྐྱོང་ཞེས་པ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་བྱས་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་དགོས་པ་དེ་རེད། དམངས་ཕྱུག་བོད་དར་ཞེས་པ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་འཕེལ་རྒྱུ་དེ་བོད་དར་གྱི་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ལ་སྐུལ་མ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད། ཡུན་རིང་བོད་སྐྲུན་ཞེས་པ་ནི་གཟབ་ནན་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ལས་དོན་མཐའ་དག་ཕུགས་ལ་དམིགས་པ་དང་བྱེད་ཐབས་མཐའ་དག་ལ་རྒྱུན་མཐུད་རང་བཞིན་ལྡན་དགོས་པ་དེ་རེད། མི་སེམས་གཅིག་འགྲིལ་ཞེས་པ་ནི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་འབྲེལ་བྱས་ནས་མི་སེམས་དང་སྟོབས་ཤུགས་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་འགྲིལ་བྱེད་དགོས་པ་དེ་རེད། རྨང་གཞི་བརྟན་གཏོང་ཞེས་པ་ནི་རྩ་ལག་མཉམ་བཅོས་དང་རྩ་བཅོས་གལ་ཆེར་འཛིན་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ཏེ་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དེ་རེད་ཅེས་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་བཞག་ནས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ཞིག་ལ་བརྩིས་ནས་ཕྱོགས་ཁག་གི་ལས་དོན་སྤྱི་འདོམས་འཆར་འགོད་དང་ཕྱོགས་བསྡུས་ནུས་ཤུགས་བཏོན་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་དང་འདྲ་བར་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་ཡོད་པས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་གསལ་དོད་པོ་བྱས་ནས་དབུལ་པོར་གྱུར་བའི་འགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་ཀྱི་འཚོ་བའི་གནས་བབ་གང་མགྱོགས་ལེགས་སུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དེ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཚན་ནང་མཉམ་བསྲེས་བྱེད་པ་དང་། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་བཏང་ནས་ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཞིང་འབྲོག་ཁུལ་ནས་ཐོན་ཏེ་གྲོང་ཁྱེར་དང་གྲོང་རྡལ་དང་ཁེ་ལས་སུ་ལས་ཞུགས་དང་ཚོང་གཉེར་ལས་གཏོད་བྱེད་པར་འགྲོ་རྒྱུར་རོགས་རམ་དེ་བས་མང་བ་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་མཚོ་བོད་ས་མཐོའི་མཁའ་རླུང་སྦགས་བཙོག་འབྱུང་ཁུངས་དང་ས་ཞིང་ཐ་རྒོད་ཅན་དུ་འགྱུར་རྒྱུ་ཚོད་འཛིན་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤང་དང་། འདམ་ར། རང་བྱུང་ནགས་ཚལ་བཅས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། སླད་ཕྱིན་དུས་སྐབས་ཤིག་རིང་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་མུ་མཐུད་དམིགས་བསལ་གྱི་ནོར་སྲིད་དང་། ཁྲལ་བསྡུ། མ་འཇོག དངུལ་རྩ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་དགོས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཕེལ་རྒྱས་ནང་ཞུགས་ཚད་ཆེ་རུ་དང་ཁེ་ཕན་ཐོབ་པའི་མྱོང་ཚོར་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་དང་ནུས་པ་ཡུན་རིང་ཐོན་ཐུབ་པ་བྱེད་པ་དང་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་དགོས། རྨང་གཞིའི་རང་བཞིན་གྱི་ལས་དོན་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་སྤེལ་ཏེ་ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་དམ་པོར་བརྟེན་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རྒྱུས་མངའ་དང་། ཕན་ཚུན་རོགས་རམ། ཕན་ཚུན་མཐོང་ཆེན། ཕན་ཚུན་སློབ་སྦྱོང་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས། བོད་བརྒྱུད་ནང་བསྟན་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་བླང་བྱར་གཞིགས་ཏེ་འདུལ་ཁྲིམས་དང་བསྟན་དོན་ལ་དགོངས་འགྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་ངང་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་སོགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་གཅིག་འགྲིལ་བྱེད་དགོས། ཁྲིམས་ལྟར་བོད་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་མེས་རྒྱལ་ཁ་ཕྲལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས་ཞེས་བསྟན་གནང་བ་རེད།
     ཞིས་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཐོག་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་ཡག་པོ་བཙུགས་ཏེ་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་རིམ་ཁག་ལས་བྱེད་པས་ངེས་པར་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་དང་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། མི་རིགས་ཁག་གི་ལས་བྱེད་པས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྐྱོང་བྱེད་པ་ལྟར་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ་བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ས་མཐོར་ལས་དོན་སྤེལ་བར་དཀོན་ཤོས་ནི་གསོ་རླུང་ཡིན་པ་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། དུས་ཡུན་རིང་པོའི་ནང་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་ཡོན་གྱིས་རྒྱུན་གཏན་གྱི་མིར་ཡོད་པ་མཐའ་དག་བློས་བཏང་བ་དང་རྒྱུན་གཏན་གྱི་མིས་ལོངས་སྤྱོད་བྱེད་པ་དག་བློས་གཏོང་བྱས་ཏེ་གངས་ལྗོངས་ས་མཐོར་གཞི་འཛུགས་པ་དང་སྙིང་སྟོབས་ཆེན་པོས་དཀའ་སྤྱད་འབད་འཐབ་བྱས་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་སྟེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་བསྣན་དགོས། ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་བྱེད་ལས་བཟོར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་དམིགས་བསལ་གྱི་གླ་ཕོགས་སྲིད་ཇུས་དང་འབྲེལ་ཡོད་ཕན་བདེའི་ཐོབ་ཐང་སྲིད་ཇུས་བཟོས་པ་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཁོང་ཚོའི་ཕུགས་ཀྱི་སེམས་ཁྲལ་སེལ་དགོས། བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གྲུབ་ཆ་ལེགས་སུ་བཏང་སྟེ་ཕུལ་བྱུང་ཤེས་ལྡན་མི་སྣ་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་ས་ཁུལ་དུ་འདེམས་གཏོང་བྱས་ཏེ་བློ་སྟོབས་ཞུན་བརྡར་དང་འཇོན་ཐང་ཆེ་རུ་གཏོང་དགོས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དེ་ལས་ཀའི་སྒུལ་ཤུགས་སུ་འགྱུར་བ་བྱས་ནས་རང་སོ་སོའི་ལས་གནས་ཐོག་གྲུབ་འབྲས་དེ་བས་ཆེ་བ་གཏོད་དགོས་ཞེས་བསྟན་གནང་བ་རེད།
     ལི་ཁེ་ཆང་གིས་འབྱུང་འགྱུར་ལོ་5ལྷག་ཙམ་ནང་བོད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བ་ཞིག་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ནས“ཟུང་འབྲེལ་ལྔ”ཐུབ་པ་བྱེད་དགོས་པ་སྟེ། སྲིད་གཞུང་གི་ནུས་པ་དང་ཁྲོམ་རའི་ནུས་པ་དང་། ཕྱི་ཤུགས་ལ་བརྟེན་པ་དང་ནང་ཤུགས་འཕེལ་བར་བྱེད་པ། ནང་ཁུལ་དུ་སྒོ་མོ་འབྱེད་པ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན། གསར་སྤེལ་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་བཅས་ཟུང་འབྲེལ་དེ་བས་ལེགས་པ་བྱ་རྒྱུ་དེ་ཡིན། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་ཐད་ཤུགས་ནུས་ལྡན་བརྒྱབ་ནས་ཡུལ་བབ་དང་བསྟུན་ཏེ་སྲིད་ཇུས་ལག་ལེན་བསྟར་བ་དང་མིའི་བབ་དང་བསྟུན་ནས་སྲིད་ཇུས་ལག་ལེན་བསྟར་རྒྱུའི་ཐད་ཤུགས་གང་ཡོད་བརྒྱབ་སྟེ་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ལེགས་པར་བརྒྱབ་ཐོག་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་རྒྱ་ཆེར་གཏོང་དགོས། སློབ་གསོའི“ཞན་ཆ”གང་མགྱོགས་གསབ་པ་དང་སྨན་དང་སྨན་པ་དཀོན་པའི“ཞྭ་མོ”གང་མགྱོགས་ཕུད་པ། སྤྱི་ཚོགས་འགན་སྲུང་གི“བདེ་འཇགས་དྲ་རྒྱ”བརྟན་དུ་གཏོང་བ་བཅས་བྱེད་དགོས། ཁྱད་ལྡན་ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གཙོ་གནད་གསུམ་ལ་དམ་འཛིན་མངོན་གསལ་དོད་པོ་བྱས་ནས་བོད་ཀྱི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་དགོས། ཁྱད་ལྡན་ཞིང་འབྲོག་ལས་དང་དེ་བཞིན་དེའི་ལས་སྣོན་ལས་རིགས་འཕེལ་རྒྱས་ནུས་ལྡན་གཏོང་བ་དང་། འཛམ་གླིང་གི་ཡུལ་སྐོར་དམིགས་པ་གལ་ཆེན་འཛུགས་སྐྲུན་ཡག་པོ་བྱེད་པ། ཚོང་དོན་འཁོར་རྒྱུག་ལས་རིགས་འཁྲུག་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་བོད་ལྗོངས་དེ་ཉིད་རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གལ་ཆེའི་བགྲོད་ལམ་ཞིག་ཏུ་གཏོད་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་ཅིག་གང་མགྱོགས་བསྐྲུན་ནས་རྫོང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཆ་རྐྱེན་ལྡན་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་ཨར་འདམ་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པ་དང་། གལ་ཆེའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་གྱིས་མང་ཚོགས་ཚོ“བློ་བདེའི་ཆུ”འཐུང་རྒྱུ་ཡོད་པའི་འགན་ལེན་བྱེད་པ། ནུས་རྒྱུ་འགན་ལེན་བྱེད་ནུས་ཆེ་རུ་བཏང་ནས་ལྗོངས་ནང་ཁུལ་གྱི་གློག་དྲ་རྫོང(ཆུས)ཚང་མར་ཁྱབ་པ་བྱེད་པ། གློག་མེད་པའི་མི་འབོར་གྱི་གློག་གི་གནད་དོན་ཐག་གཅོད་བྱེད་པ། གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། མཐོ་གྲང་ས་ཁུལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭར་རྒྱབ་སྐྱོར་བྱེད་པ། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། འཕྲིན་གཏོང་ཤར་གཏོང་ཐུབ་མེད་པའི་ས་ཁུལ་གྱི་དཀའ་གནད་ཐག་གཅོད་ཧུར་ཐག་བྱེད་པ། སྣོད་བཅུད་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་དང་། དམར་ཐིག མཐོ་གནོན་གློག་སྐུད་བཅས་ནན་པོ་བསྲུངས་ནས་སྣོད་བཅུད་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གངས་ལྗོངས་ས་མཐོ་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་དགོས་པའི་མཛུབ་སྟོན་གནང་བ་རེད།
     ལི་ཁེ་ཆང་གིས་སྔར་ལས་ལྷག་པའི་ངང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་ནས་དམིགས་བསལ་གཟིགས་སྐྱོང་དང་རོགས་སྐྱོར་སྲིད་ཇུས་ལེགས་སུ་དང་འཐུས་ཚང་དུ་བཏང་སྟེ“ཡོང་འབབ་ཆ་ཚང་འཇོག་པ་དང་། ཁ་གསབ་རིམ་བཞིན་སྤོར་བ། ཆེད་དོན་རོགས་སྐྱོར”བཅས་ཀྱི་ནོར་ཁྲལ་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས། ཀྲུང་དབྱང་གི་མ་འཇོག་བྱ་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གིས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་གཅིག་འདོམས་སྐུལ་འདེད་གཏོང་བ། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་ཞིང་ཆེན་དེ་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་གཅིག་འདོམས་སྐུལ་འདེད་གཏོང་བ། ས་མཚམས་འབྲེལ་བའི་ས་ཁུལ་གྱི་གནད་དོན་མངོན་གསལ་དོད་པོས་གཅིག་འདོམས་ཐག་གཅོད་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཇུར་མིག་ཚོད་འཛིན་ཐག་གཅོད་ནན་ཏན་བྱེད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཐུན་མོང་ཐོག་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ནང་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་བ་དང་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གནད་དོན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་བར་ཆབ་སྲིད་ཀྱི་རང་བཞིན་དང་། ཁྱོན་ཡོངས་ཀྱི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་ལས་དོན་ལེགས་པར་བསྒྲུབ་པའི་གཞི་རྩའི་གཞི་འཛིན་ས་ཞིག་ཡིན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རྩ་དོན་གྱི་གནད་དོན་ཐད་དར་ཆ་གསལ་སྟོན་བྱེད་པ། འཕེལ་རྒྱས་ཀྱི་གནད་དོན་ཐད་ཁ་ཕྱོགས་གསལ་སྟོན་ཐུབ་པ། དཀའ་གནད་ཀྱི་གནད་དོན་ལ་ལན་གསལ་པོ་འདེབས་པ། གནད་དོན་དངོས་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
     ཡུས་ཀྲེང་ཧྲེང་གིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་ལས་ཀའི་སྤྱོད་ཚུལ་བཟང་པོ་དང་ཏན་ཏིག་ནུས་ཆེའི་ལས་ཀའི་བྱ་ཐབས་ལ་བརྟེན་ཏེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། བསམ་བློ་སྔར་བས་གཅིག་གྱུར་ཡོང་བ་བྱས་ནས་ཏན་ཏིག་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་གཞིར་བརྩིས་ནས་ཚན་རིག་དང་མཐུན་པའི་ངང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ཀྱི་ནང་དོན་གཙོ་བོར་གོ་བ་གཏིང་ཟབ་ལེན་དགོས། འགན་འཁྲི་སྔར་བས་ཁ་གསལ་དུ་བཏང་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ནན་ཏན་ངང་འཁུར་བ་དང་རིམ་ཁག་ཏང་ཨུད་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ཐོག་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་དགོས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། བོད་སྐྱོར་ཁེ་ལས་བཅས་ཀྱིས་སྡེ་ཚན་དེ་གའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ཐུབ་པའི་ཞིབ་ཕྲའི་ཇུས་གཞི་བཟོ་དགོས། གཙོ་གནད་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     བོད་རང་སྐྱོང་ལྗོངས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཧྲན་ཏུང་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།
     པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་དང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་བློ་མཐུན་གཙོ་བོ། བོད་རིགས་རང་སྐྱོང་ཀྲོའུ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་གཞན་དག་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།