མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་
ལའེ་སི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་30ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་
ལའེ་སི་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ལའེ་སི་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ད་ལོ་ནས་བཟུང་ཀྲུང་ཨས་རིམ་པ་ཁག་ནང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། རེས་འཁོར་བདུན་པའི་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་གྱི་སྐད་ཆ་ཤོད་རེས་དང་རེས་འཁོར་དྲུག་པའི་ཀྲུང་ཨའི་སྤྱི་ཚོགས་རིག་གནས་སྤེལ་རེས་ཀྱི་མཐོ་རིམ་གྲོས་མོས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཁྱབ་ཁོངས་གལ་ཆེན་རབ་དང་རིམ་པའི་ནང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་དང་མཉམ་ལས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། བརྟན་པོ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་ཨའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་མཐུན་པ་མ་ཟད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པར་ཕན་པའང་ཡོད། ང་ཚོས་ཨ་རི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕྱོགས་གཉིས་དང་། ས་ཁུལ། གོ་ལ་ཧྲིལ་པོ་བཅས་ཀྱི་ཁྱབ་ཁོངས་ཁག་ནང་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། དགེ་མཚན་ལྡན་པའི་བྱེད་ཐབས་ཐོག་ནས་ཚོར་སྣང་སྐྱེན་པའི་གནད་དོན་ལ་དོ་དམ་དང་ཚོད་འཛིན་བྱས་ཏེ་ཀྲུང་ཨའི་འབྲེལ་བས་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མི་དམངས་ལ་དངོས་ཕན་སྔར་བས་མང་བ་ཐོབ་ཐུབ་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དགོས་ལ་འཕེལ་རྒྱས་ཀྱང་གཏོང་དགོས་པ་དང་། སྐད་ཆ་ཤོད་རེས་དང་མཉམ་ལས་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བའི་ལམ་བུ་མཐའ་འཁྱོངས་བྱེད་དགོས། ཀྲུང་ཨ་ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་བརྟན་ལྷིང་དོན་གཉེར་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་། གཉིས་ཁེ་གཉིས་ཕན་གྱི་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ། ཨ་རི་ཕྱོགས་དང་ཐུན་མོང་ཐོག་རྒྱལ་ཁབ་ཆེ་མོའི་འབྲེལ་བ་གསར་པ་འཛུགས་རྒྱུར་འབད་བརྩོན་བཅས་བྱས་ནས་ཕྱོགས་གཉིས་དབར་གདོང་ཐུག་མེད་པ་དང་། ཁ་གཏད་དུ་མ་ལངས་བ། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཁེ་བཅས་ཡོང་བ་བྱ་རྒྱུ་ཡིན། ཀྲུང་ཨ་ཕྱོགས་ཀྱིས་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་གང་མགྱོགས་བྱེད་པ་དང་། དམག་གཉིས་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཐད་ཡར་རྒྱས་སྔར་བས་ཆེ་བ་ཡོང་རྒྱུའི་བརྩོན་ལེན་བྱེད་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ལས་དོན་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་གནད་དོན་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་དགོས། ཀྲུང་ཨ་ཕྱོགས་གཉིས་པོས་འབྲེལ་མཐུད་བྱས་པ་བརྒྱུད་མི་མཐུན་སར་དོ་དམ་དང་ཚོད་འཛིན་བྱེད་པ་དང་། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་དང་ལྟ་སྐྱོང་ཏན་ཏིག་བྱེད་པ། ཐུན་མོང་ཡིན་ས་རྒྱ་ཆེར་གཏོང་བ་དང་མ་མཐུན་ས་ཆུང་དུ་ཧུར་ཐག་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་སྤྱི་ཡོངས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།