མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་
འགོ་ཚུགས་མཛད་སྒོར་ཞུགས་པ་དང་སྦྲགས་ཤིས་ཚིག་ཀྱང་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་06ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་
འགོ་ཚུགས་མཛད་སྒོར་ཞུགས་པ་དང་སྦྲགས་ཤིས་ཚིག་ཀྱང་གསུངས་པ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་4ཉིན་གྱི་སྔ་དྲོ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ལྷོ་ཨ་ཧྥེ་རི་ཁར་འགོ་ཚུགས་པ་དང་ད་རེས་དབུ་ཚོགས་དེ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ། ཨ་ཧྥེ་རི་ཁ་མནའ་འབྲེལ་རེས་མོས་སྡོད་བྱའི་ཀྲུའུ་ཞི་ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅ་པེ་སོགས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་50དང་དེ་བཞིན་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་མ་བཅས་འགོ་ཚུགས་མཛད་སྒོར་ཕེབས་པ་དང་ཞིས་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་འདུ་ཤེས་སྒོ་ཀུན་ནས་རྒྱས་བཤད་གནང་བ་དང་། མ་འོངས་སྐབས་ཤིག་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་བྱ་ཐབས་གལ་ཆེན་ཁྱབ་བསྒྲགས་གནང་བ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་སྒོ་ཀུན་ནས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མཐོར་འདེགས་བྱས་ནས་ལག་གདང་སྦྲེལ་ཏེ་མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་དུས་རབས་གསར་པར་སྐྱོད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔ་ཕྱི་བར་གསུམ་དུ་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་དང་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་དུས་ཡུན་རིང་ཞིང་བརྟན་པ་དང་ནམ་ཡང་གསོན་ཤུགས་ཀྱིས་ཁེངས་པའི་རྩ་བའི་རྒྱུ་རྐྱེན་ནི་ཕྱོགས་གཉིས་པོས་སྔ་ཕྱི་བར་གསུམ་དུ་འདྲ་མཉམ་ངང་ལྟ་སྟངས་འཛིན་པ་དང་། ཟོལ་མེད་མཛའ་གྲོགས། མཉམ་ལས་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱེད་པར་ཐུག་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་རྒྱལ་ཁབ་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བའི་ལས་འགན་འཁུར་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འཕྲད་རྒྱུ་ཡིན་པས་ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ལེགས་ཆ་དེ་མཐུན་སྒྲིལ་དང་། མཉམ་ལས། འཕེལ་རྒྱས་བཅས་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་སུ་འགྱུར་བ་བྱེད་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་མིག་མཐོང་ལག་འཛིན་གྱི་གྲུབ་འབྲས་དེ་བས་མང་བ་བཏོད་ནས་འཛམ་གླིང་དེ་བས་དོ་མཉམ་དང་། དྲང་གཞག བསྟུན་མཁས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ནས་མཉམ་ལས་གཉིས་ཕན་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་པ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་ལྷད་མེད་མཛའ་བརྩེའི་སྲིད་ཇུས་ཀྱི་འདུ་ཤེས་འཛིན་པ་དང་ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་མཐའ་འཁྱོངས་བྱས་ནས་གྲོགས་པོ་ཨ་ཧྥེ་རི་ཁ་བ་དང་ལག་གདང་སྦྲེལ་ཏེ་གཉིས་ཕན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་དུས་རབས་གསར་པར་བསྐྱོད་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་དེ་སྒོ་ཀུན་ནས་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བར་མཐོར་འདེགས་བྱེད་པ་དང་འབྲེལ་དེའི་ཐད“ཀ་རྟེན་ཆེན་པོ་ལྔ”ཆེ་རུ་དང་བརྟན་དུ་གཏོང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
         གཅིག ཆབ་སྲིད་ཐད་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་མཐའ་འཁྱོངས་བྱེད་དགོས། རང་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱེད་པ་དང་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེའི་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ནི་ཨ་ཧྥེ་རི་ཁ་བའི་ཨ་ཧྥེ་རི་ཁ་ཡིན་པ་དང་ཨ་ཧྥེ་རི་ཁའི་བྱ་བ་ནི་ཨ་ཧྥེ་རི་ཁ་བས་ཐག་གཅོད་དགོས་པའི་འདོད་ཚུལ་སྔ་ཕྱི་བར་གསུམ་དུ་འཛིན་གྱི་ཡོད།
         གཉིས། དཔལ་འབྱོར་ཐད་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་དཔལ་འབྱོར་ཐད་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ནུས་མཉམ་ལས་དང་དྲ་གསུམ་གཅིག་ཅན་དམ་འཛིན་བྱ་ཡུལ་དུ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྒོ་ཀུན་ནས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཀྱི་འབྲས་བུ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།
         གསུམ། ཤེས་དཔལ་ཐད་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། གཞོན་ནུ་དང་། བུད་མེད། རིག་མཛོད། སྨྱན་སྦྱོར། མཐོ་སློབ་སོགས་ལས་རིགས་ཁག་གི་མི་སྣ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་རིག་གནས་རྒྱུན་འཁོར་དང་། སྲིད་ཇུས་ཁྱབ་མཐུན། མི་སེམས་གཅིག་མཐུན་བཅས་ལ་སྐུལ་མ་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་མཛའ་གྲོགས་ནམ་ཡང་གནས་ཐུབ་པ་བྱེད་དགོས།
         བཞི། བདེ་འཇགས་ཐད་སོ་སྲུང་རོགས་རེས་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་བས་ཨ་ཧྥེ་རི་ཁའི་བྱ་ཐབས་ཐོག་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཨ་ཧྥེ་རི་ཁས་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནང་ཧུར་ཐག་ཞུགས་ཏེ་ཨ་ཧྥེ་རི་ཁ་འཕེལ་རྒྱས་མགྱོགས་པོ་དང་དབུལ་པོ་སེལ་རྒྱུར་རྒྱབ་སྐྱོར་བྱས་ནས་ཡུན་རིང་ཞི་བདེ་ཡོང་བ་བྱེད་འདོད་ཡོད།
         ལྔ། རྒྱལ་སྤྱིའི་ལས་དོན་ནང་མཐུན་སྒྲིལ་རོགས་ལས་མཐའ་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་གར་སྟེགས་ཐོག་ཨ་ཧྥེ་རི་ཁས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བཅས་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བའི་འཛུགས་སྐྱོང་ལ་སྐུལ་མ་གཏོང་ཆེད་ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་ཨ་ཧྥེ་རི་ཁ་ཕྱོགས་དང“མཉམ་ལས་འཆར་གཞི་ཆེན་པོ་བཅུ”སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་མཉམ་ལས་འཆར་གཞི་དང་། ཞིང་ལས་དེང་རབས་ཅན་གྱི་མཉམ་ལས་འཆར་གཞི། རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་ལས་འཆར་གཞི། དངུལ་རྩའི་མཉམ་ལས་འཆར་གཞི། ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་འཆར་གཞི། ཚོང་དོན་དང་མ་འཇོག་སྟབས་བདེ་ཅན་གྱི་མཉམ་ལས་འཆར་གཞི། དབུལ་པོ་ཉུང་གཏོང་དང་དམངས་ཕན་གྱི་མཉམ་ལས་འཆར་གཞི། སྤྱི་པའི་འཕྲོད་བསྟེན་གྱི་མཉམ་ལས་འཆར་གཞི། སྤྱི་ཚོགས་ཀྱི་རིག་གནས་རིག་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་འཆར་གཞི། ཞི་བདེ་དང་བདེ་འཇགས་ཀྱི་མཉམ་ལས་འཆར་གཞི་བཅས་གཙོ་གནད་དུ་ལག་ལེན་བསྟར་ནས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ནས་རང་བརྟེན་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30