མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་
མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱི་ཚང་འཛོམས་ཚོགས་
འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་
མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱི་ཚང་འཛོམས་ཚོགས་
འདུ་གཙོ་སྐྱོང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཟླ་12ཚེས་5ཉིན་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མས་ཐུན་མོང་ཐོག་གཙོ་སྐྱོང་གནང་བ་རེད། རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་42དང་། ལྷོ་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་མ་བཅས་ཚུད་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཁོངས་མིའི་འཐུས་མི་52ཚོགས་འདུར་ཞུགས་ཡོད་པ་རེད། ཞིས་ཅིན་ཕིང་གིས་《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་བསྒྲགས་གཏམ་》དང་《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས—གཡོད་ཧན་ནེ་སི་པའོ་བྱ་སྤྱོད་འཆར་གཞི་(2016-2018)》གཙོ་སྐྱོང་བྱས་ནས་གྲོས་འཆམ་བྱུང་བ་དང་སྦྲགས་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
         ཞིས་ཅིན་ཕིང་གིས་དང་ཐོག་དེ་རིང་ནི་སྐུ་ཞབས་མན་ཏེ་ལ་སྐུ་གཤེགས་ནས་ལོ་གཉིས་འཁོར་བའི་དྲན་གསོའི་ཉིན་མོ་རེད། ང་ཚོ་མཉམ་དུ་འཛོམས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱེད་པའི་མཚམས་སུ་ང་ཚོས་སྐུ་ཞབས་མན་ཏེ་ལར་རྗེས་དྲན་ཟབ་མོ་ཞུ་གི་ཡོད། སྐུ་ཞབས་མན་ཏེ་ལ་ནི་རླབས་ཆེན་གྱི་ཆབ་སྲིད་མཁས་ཅན་ཞིག་ཡིན་པ་མ་ཟད་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གྲོགས་པོ་ཞིག་ཀྱང་ཡིན་པས་ཀྲུང་གོ་མི་དམངས་ཀྱིས་ཁོང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་གལ་ཆེན་ནམ་ཡང་བློ་ལ་ངེས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ང་ཚོས་གཡོད་ཧན་ནེ་སི་པའོ་རུ་འཛོམས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཐུན་མོང་ཐོག་གླེང་སྟེ“ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད། མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི”བརྗོད་དོན་གཙོ་བོ་དེར་དམིགས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཐད་ཁྱོན་ཡོངས་ནས་འཆར་འགོད་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ངེས་གནས་གསར་པ་བཏོན་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་འཆར་གཞི་གསར་པ་བཀོད་པ་དང་སྦྲགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་རྒྱ་ཁྱབ་གཏིང་ཟབ་ཀྱི་སྒོ་ནས་བསམ་འཆར་བརྗེ་རེས་བྱས་ཏེ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་གསར་པ་བསྣན་པ་དང་། གཞི་ཁྱོན་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། རིམ་པ་དེ་བས་མཐོ་བ་བཅས་ཀྱི་གཉིས་ཕན་མཉམ་ལས་ཆེད་དུ་བསམ་བློའི་སྣ་འདྲེན་དང་ཆབ་སྲིད་ཀྱི་འགན་ལེན་བྱས་ཡོད་ཅེས་བསྟན་པ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་སྒོ་ཀུན་ནས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མཐོར་འདེགས་བྱ་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱས་པ་དང་། ང་ཚོས་《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་བསྒྲགས་གཏམ་》དང་《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས—གཡོད་ཧན་ནེ་སི་པའོ་བྱ་སྤྱོད་འཆར་གཞི་(2016—2018)》གྲོས་འཆམ་བྱས་པས་ཐུན་མོང་ཐོག་ཆབ་སྲིད་ཐད་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐད་མཉམ་ལས་གཉིས་ཕན། ཤེས་དཔལ་ཐད་སྤེལ་རེས་དང་དཔྱད་གཞིར་འཛིན་པ། བདེ་འཇགས་ཐད་ལྟ་རེས་སྐྱོང་རེས། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྒྲིལ་མཉམ་སྒྲུབ་བཅས་ཀྱི“ཀ་རྟེན་ཆེན་པོ་ལྔ”ཆེ་རུ་དང་བརྟན་དུ་གཏོང་བའི་ཆོད་སེམས་ཡོད། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཞིབ་ཕྲའི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་པ་དང་མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་བྱ་ཐབས་གལ་ཆེན་བཏོན་ཡོད། ང་ཚོས་བཟོ་ལས་ཅན་དང་། ཞིང་ལས་དེང་རབས་ཅན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དངུལ་རྩ། ལྗང་མདོག་འཕེལ་རྒྱས། ཉོ་ཚོང་དང་མ་འཇོག་སྟབས་བདེ་ཅན། དབུལ་པོ་ཉུང་གཏོང་དང་དམངས་ཕན། སྤྱི་པའི་འཕྲོད་བསྟེན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཞི་བདེ་དང་བདེ་འཇགས་བཅས“མཉམ་ལས་འཆར་གཞི་ཆེན་པོ་བཅུ”ལག་བསྟར་ཤུགས་ཆེན་བྱེད་པའི་ཆོད་སེམས་ཡོད། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་འཛམ་གླིང་འཕེལ་རྒྱས་དང་གྲ་རྒྱས་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་མཐུན་སྒྲིལ་མཉམ་སྒྲུབ་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་གི་ཁེ་ཕན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་ཆོད་སེམས་ཡོད།
         ཞིས་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་འཛིན་པའི་དྲང་བདེན་ལྷད་མེད་ཀྱི་འདུ་ཤེས་དང་ཡང་དག་གི་འོས་འགན་དང་ཁེ་ཕན་གྱི་ལྟ་བར་གཞིགས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་མུ་མཐུད་གསར་འབྱེད་ཡར་བརྩོན་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། རྒྱལ་སྤྱིའི་གནས་སྟངས་ལེགས་སྒྲིག་དང་འགྱུར་ལྡོག་ཇི་ལྟར་བྱུང་ཡང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འདྲ་མཉམ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གཅེན་གཅུང་གི་མཛའ་གྲོགས་ལ་འགྱུར་ལྡོག་ཡོང་མི་སྲིད། དཔལ་འབྱོར་དུས་བབ་འཕར་ཆག་ཇི་ལྟར་བྱུང་ཡང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ལ་འགྱུར་ལྡོག་ཡོང་མི་སྲིད། དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་འཕོ་འགྱུར་ཇི་ལྟར་བྱུང་ཡང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕན་ཚུན་བསམ་ཤེས་དང་ཐུན་མོང་ཡར་རྒྱས་ཀྱི་རོགས་རེས་སྙིང་སྟོབས་འགྱུར་མི་སྲིད། འཇིགས་སྐུལ་གྱི་འགྲན་རྩོད་སྣ་ཚོགས་བྱུང་རུང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱར་བ་གྲུ་འདེགས་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་བློ་སྟོབས་བརྟན་པོར་འགྱུར་ལྡོག་ཡོང་མི་སྲིད།
         ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་དང་དེ་བཞིན་དབུ་ཚོགས་ཐོག་གྲོས་འཆམ་བྱས་པའི་བསྒྲགས་གཏམ་དང་བྱ་སྤྱོད་འཆར་གཞིར་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་ཚོས་དུས་ཡུན་རིང་པོའི་ནང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་འོག་ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པས་ཨ་ཧྥེ་རི་ཁའི་བློས་འཁེལ་ཤོས་ཀྱི་རོགས་ཟླ་རེད། ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་བརྩོན་ལེན་དང་རྒྱལ་ཁབ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བའི་འཕེལ་རིམ་ཁྲོད་ཀྲུང་གོས་ཨ་ཧྥེ་རི་ཁ་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་ཨ་ཧྥེ་རི་ཁའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་བྱས་ཡོད། མིག་སྔར་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་དེ་དུས་མཚམས་གསར་པར་སླེབས་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གླེང་སྟེགས་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བཏོན་གནང་བའི་མཉམ་ལས་འཆར་གཞི་ནི་ཁྱོན་ཡོངས་ཡིན་པས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དུས་མཚམས་རྗེས་མའི་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་གྲོས་འགོ་དོན་འཁྱོལ་མགྱོགས་པོ་བྱས་ནས་ད་རེས་གླེང་སྟེགས་ཀྱི་དབུ་ཚོགས་གོ་སྐབས་སུ་བྱེད་པ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་མ་བཏང་སྟེ་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་མ་གཏོང་དགོས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁའི་ཕུགས་འདུན་དེ་ཀྲུང་གོའི་ཕུགས་འདུན་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་ཨ་ཧྥེ་རི་ཁའི་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཨ་ཧྥེ་རི་ཁས་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་《2063ལོའི་གྲོས་རིམ་》གྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་སྐུལ་མ་གཏོང་འདོད་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཞི་བདེ་སྲུང་སྐྱོང་གི་ནུས་པ་མཐོ་རུ་བཏང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཞི་བདེ་དང་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་ཐོབ་འདོད་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མི་གྲངས་བསྡོམས་འབོར་འཛམ་གླིང་གི་གསུམ་ཆ་གཅིག་ལས་བརྒལ་བས་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དེ་སྟེགས་བུ་གལ་ཆེན་དུ་བྱས་ནས་རྒྱལ་སྤྱིའི་གར་སྟེགས་ཐོག་སྐད་སྒྲ་གཅིག་གྱུར་ཐོག་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དང་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་དགོས་ཞེས་གསུངས་པ་རེད།

  
2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30