མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཀྲུང་ཤུན་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་དབར་གྱི་མཛའ་བཤེས་
བཟང་པོར་རྗེས་དྲན་ཞུ་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་09ཉིན། 08:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཀྲུང་ཤུན་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་དབར་གྱི་མཛའ་བཤེས་
བཟང་པོར་རྗེས་དྲན་ཞུ་བ།

         ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་འགོར་ཞིས་ཀྲུང་ཤུན་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཕན་ཚུན་ཞལ་ཚོར་ནས་ལོ་ཚད་ཧེ་བག་ཆེ་བའི་གྲོགས་པོར་གྱུར། ཁོང་རྣམ་གཉིས་ལོ་40རིང་གི་མཉམ་ལས་དང་ཐུན་མོང་ཐོག་ལས་དོན་སྒྲུབ་པའི་ཁྲོད་ཕན་ཚུན་ཟོལ་མེད་དང་། གཅིག་སེམས་གཅིག་གཏད། བརྩེ་སེམས་ཟབ་པ་བཅས་ལས་འཐབ་ཕྱོགས་གཅིག་གྱུར་ཐད་ཀྱི་དཔེ་སྟོན་ཡིན་ཞེས་བརྗོད་ཆོག
         1951ལོར་པཎ་ཆེན་རིན་པོ་ཆེ་བོད་དུ་ཕྱིར་ལོག་གནང་བ།
         ཞིས་ཀྲུང་ཤུན་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་1951ལོའི་ཟླ་4པར་ཐེངས་དང་པོ་མཇལ་བ་དང་། སྐབས་དེར་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གདན་ཞུས་ལྟར་པཎ་ཆེན་རིན་པོ་ཆེས་ནང་མ་སྒང་དཔོན་རིགས་ཀྱི་སྣེ་ཁྲིད་དེ་པེ་ཅིང་དུ་བོད་ལ་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མོལ་གྲོས་བསྡུར་ནང་ཞུགས་པ་དང་། པེ་ཅིང་དུ་ཕེབས་ལམ་གྱི་ཚེས་19ཉིན་ཤིས་ཨན་དུ་འབྱོར་སྐབས་ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུས་དང་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མཁན་ཞིས་ཀྲུང་ཤུན་གྱིས་ཕེབས་བསུ་ཞུས། གནམ་ཐང་དུ་སྐུ་ན་ཕྲ་བའི་བོད་རིགས་སྤྲུལ་སྐུ་གཅིག་མི་རྣམས་ཀྱི་མདུན་དུ་ཕེབས་ཤིང་། ཁོང་གིས་ཞིས་ཀྲུང་ཤུན་གྱི་ཕྱག་ནས་དམ་པོར་འཇུས་ཏེ་ང་ཚོ་ནི་ཆེད་མངགས་པེ་ཅིང་དུ་མའོ་ཀྲུའུ་ཞིར་གུས་འདུད་ཞུ་བར་འགྲོ་མཁན་ཡིན། ང་རང་ནས་བོད་རིགས་མི་དམངས་ཀྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་མའོ་ཀྲུའུ་ཞིར་སྨོན་འདུན་བཟང་པོ་ཞུ་ལུགས་མའོ་ཀྲུའུ་ཞིར་ཞུ་རྒྱུ་ཡིན་ཞེས་གསུངས། ཉིན་དེའི་དགོང་མོ། ནུབ་བྱང་དམག་སྲིད་ཨུ་ལྷན་གྱིས་པཎ་ཆེན་རིན་པོ་ཆེར་སྤྲོ་སེམས་འཁོལ་བའི་ཕེབས་བསུའི་གསོལ་སྟོན་བཤམས་པ་དང་། པཎ་ཆེན་རིན་པོ་ཆེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཡང་དག་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། བོད་ཀྱི་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ་དང་མཉམ་དུ་བོད་བཅིངས་འགྲོལ་དང་བོད་རིགས་མི་དམངས་ཀྱི་མཐུན་སྒྲིལ་ཆེད་འབད་འཐབ་ཧུར་ཐག་བྱེད་རྒྱུའི་ཆོད་སེམས་ཡོད་ཅེས་སླར་ཡང་གསུངས། “ཕུགས་འདུན་ཡོད་ན་ལོ་ན་ཆེ་ཆུང་མེད”པཎ་ཆེན་རིན་པོ་ཆེའི་རྒྱལ་གཅེས་ཀྱི་ལྷག་བསམ་ཆེ་བ་དང་སྦ་གསང་མེད་པའི་ཐུགས་གཤིས་དེས་ཞིས་ཀྲུང་ཤུན་ལ་བག་ཆགས་ཟབ་མོ་བཞག
         1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་ལི་ཝུའེ་ཧན་སོགས་ཀྱིས་བོད་ས་གནས་སྲིད་གཞུང་གི་སྐུ་ཚབ་དང་གྲོས་མོལ་ཐེངས་མང་གནང་མཐར། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་》བཞག་པ་དང་། ཟླ་12ཚེས་15ཉིན་པཎ་ཆེན་རིན་པོ་ཆེ་མཚོ་སྔོན་ཟི་ལིང་བརྒྱུད་བོད་དུ་ཕྱིར་ལོག་གནང་བའི་སྔ་ནུབ་ཏུ་རྗེ་སྐུ་འབུམ་ནས་མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འགོ་ཁྲིད་བློ་མཐུན་དང་མཚོ་སྔོན་མི་དམངས་ལ་ཐོན་ཕྱག་ཞུས། མའོ་ཀྲུའུ་ཞི་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཞིས་ཀྲུང་ཤུན་སྐུ་ཚབ་ལ་ཆེད་བསྐོས་གནང་ནས་ཆེད་མངགས་ཟི་ལིང་དུ་ཕེབས་སྐྱེལ་ཞུ་བར་ཕེབས་པ་དང་སྦྲགས། མའོ་ཀྲུའུ་ཞི་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་པཎ་ཆེན་རིན་པོ་ཆེར་བྱམས་བརྩེའི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་བ་རེད། ཚེས་16ཉིན་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་དམངས་ཀྱི་འཐུས་མི་1000ལྷག་ཙམ་གྱིས་ཕེབས་སྐྱེལ་ཚོགས་ཆེན་འཚོགས་པ་དང་། ཞིས་ཀྲུང་ཤུན་གྱིས་མའོ་ཀྲུའུ་ཞི་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་། ནུབ་བྱང་དམག་སྲིད་ཨུ་ལྷན་བཅས་ཀྱི་ཚབ་ཞུས་ནས་ཕེབས་སྐྱེལ་ཤིས་ཚིག་གསུངས་པ་དང་། ཁོང་གིས། བོད་མི་དམངས་ཀྱིས་པཎ་ཆེན་རིན་པོ་ཆེར་དད་པ་ཧ་ཅང་ཆེན་པོ་བྱེད་པ་དང་ད་ཐེངས་བོད་དུ་ཕྱིར་ལོག་གནང་བར་བོད་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ངེས་རེད། འདི་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་སྟེ་ཐོབ་པའི་གྲོས་མཐུན་གྱི་ལྡོག་མེད་ཀྱི་འབྲས་བུ་དང་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་རྗེས་ཀྱི་དོན་ཆེན་གཞན་ཞིག་ཀྱང་རེད། དེ་ཐོག་ནས་བོད་འདི་མའོ་ཀྲུའུ་ཞི་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་མཐུན་སྒྲིལ་དང་བོད་ཀྱི་མི་དམངས་ཡོངས་མཐུན་སྒྲིལ་བྱུང་བ་མཚོན་གྱི་ཡོད། ད་ནས་བཟུང་། ང་ཚོའི་མེས་རྒྱལ་གྱི་མི་རིགས་ཁག་ཚང་མ་མཐུན་སྒྲིལ་དམ་ཟབ་བྱུང་ཡོད་ཅེས་གསུངས། ཕེབས་སྐྱེལ་ཚོགས་ཆེན་ཐོག་པཎ་ཆེན་རིན་པོ་ཆེས་ཐུགས་རྗེ་ཆེ་ཞུ་བའི་ཤིས་ཚིག་གསུངས་པ་དང་ཁོང་གིས་མའོ་ཀྲུའུ་ཞི་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་། ནུབ་བྱང་དམག་སྲིད་ཨུ་ལྷན། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འགོ་ཁྲིད་སོགས་ཀྱིས་རང་ཉིད་ལ་ཐུགས་ཁུར་དང་སྤྲོ་སེམས་འཁོལ་པོས་དགའ་སྐྱེལ་ཞུས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ང་ཚོ་ནང་སར་ལུས་ནས་ལོ་30ཙམ་ཕྱིན་པ་དང་གལ་ཏེ་ཀྲུང་གོ་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིའི་ཡང་དག་འགོ་ཁྲིད་དང་མེས་རྒྱལ་གྱི་སྤུན་ཟླ་མི་རིགས་ཁག་གི་ལྷག་བསམ་རྣམ་དག་གི་རོགས་རམ་མེད་ཚེ། བོད་ཀྱི་ཞི་བའི་བཅིངས་འགྲོལ་རྩ་བ་ནས་ཡོང་མི་ཐུབ་པ་དང་ང་ཚོ་བོད་ལ་ཕྱིར་ལོག་བྱེད་རྒྱུ་ཡང་ཡོང་མི་ཐུབ། དེར་བརྟེན་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞི་ནི་བོད་མི་དམངས་ཀྱི་མགོན་སྐྱབས་ཆེན་པོ་དང་དྲིན་ཆེན་ཡིན་ཞེས་བརྗོད་ཀྱི་ཡོད། ང་ཚོས་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིའི་རྗེས་སུ་འབྲངས་པ་དང་མེས་རྒྱལ་གྱི་སྤུན་ཟླ་མི་རིགས་ཁག་དང་མཐུན་སྒྲིལ་དམ་ཟབ་བྱས་ཚེ། ང་ཚོ་བོད་རིགས་ལ་གཞི་ནས་བཅིངས་འགྲོལ་མཐར་ཕྱིན་པ་ཡོང་བ་ལས་འགྲོ་ལམ་གཞན་དག་གང་ཡང་མེད་ཅེས་གསུངས།
         ཀྲུང་དབྱང་གི་བཀའ་མངགས་ལྟར་ཞིས་ཀྲུང་ཤུན་གྱིས་པཎ་ཆེན་རིན་པོ་ཆེ་དང་མཛའ་བརྩེའི་ངང་བཀལ་མོལ་གནང་ཞིང་། ཁོང་གིས་པཎ་ཆེན་རིན་པོ་ཆེར“ཁྱེད་ཉིད་བོད་དུ་ཕེབས་རྗེས་འཚབ་འཚུབ་མི་གནང་བར་ཁྱོན་ཡོངས་ལ་ལྟ་རྟོག་གནང་དགོས། དང་ཐོག་བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ཡག་པོ་གནང་དགོས། དེ་ལྟར་གནང་ཚེ་བོད་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀར་གཞི་ནས་རེ་བ་ཡོད”ཅེས་གསུངས། ཁོང་གིས་ད་དུང་ཀྲུང་དབྱང་གི་དགོངས་དོན་ལྟར་དགོངས་འཆར་གཉིས་གསུངས་པ་སྟེ། གཅིག་ནི་བོད་ཀྱི་ལས་དོན་ཐམས་ཅད་གཟབ་བརླིང་བརྟན་སྐྱོད་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བ་དང་ཆ་རྐྱེན་འཛོམས་མེད་ཚེ་བྱ་བ་སྒྲུབ་མི་རུང་བ་དང་། མཐོ་རིམ་རྒྱལ་གཅེས་མི་སྣ་དང་གཙོ་འཛིན་མི་སྣའི་མོས་མཐུན་མེད་པའི་བྱ་བ་སྒྲུབ་མི་རུང་། གཅིག་ཤོས་ནི་བོད་ཀྱི་ལས་དོན་ལ་བཙན་རྒོལ་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་གཙོ་བོར་འཛིན་དགོས་ཞེས་པ་དེ་རེད། པཎ་ཆེན་རིན་པོ་ཆེ་དང་ནང་མ་སྒང་གི་ཁོངས་མི་གཙོ་བོས་ཀྲུང་དབྱང་གི་བྱེད་ཕྱོགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་ལུགས་གསུངས། ཉིན་དེར་ཞིས་ཀྲུང་ཤུན་གྱིས་སླར་ཡང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དང་པཎ་ཆེན་བཞུགས་སྒར་དུ་བཅའ་སྡོད་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་སྐུ་ཚབ་ལས་རོགས་ཡ་ཧན་ཀྲང་དང་པཎ་ཆེན་ནང་མ་སྒང་གི་དྲུང་ཆེ་གཞོན་པ་ལེང་ཞོན་ཤན་ལ་པཎ་ཆེན་རིན་པོ་ཆེའི་ལས་དོན་དང་བཙན་རྒོལ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལེགས་པར་སྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཁོང་གཉིས་ལ་བོད་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཞིབ་འཇུག་དང་ལག་བསྟར་བྱེད་དགོས་པའི་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས།
         ཟླ་12ཚེས་19ཉིན་ཡ་ཧན་ཀྲང་དང་ལེང་ཞོན་ཤན་སོགས་ཀྱི་ཕེབས་རོགས་འོག་པཎ་ཆེན་རིན་པོ་ཆེ་དང་དེ་བཞིན་ནང་མ་སྒང་གི་མི་སྣ་ཟི་ལིང་ནས་ཞལ་གྱེས་ཏེ་བོད་དུ་ཕྱིར་ལོག་གནང་། 1952ལོའི་ཟླ་4ཚེས་28ཉིན་པཎ་ཆེན་རིན་པོ་ཆེ་དང་སྐུ་འཁོར་ལྷ་སར་བདེ་འབྱོར་བྱུང་།
         1982ལོར་པཎ་ཆེན་རིན་པོ་ཆེ་བོད་དུ་ཕེབས་པ།
         1980ལོའི་ལོ་མཇུག་ཏུ་ཞིས་ཀྲུང་ཤུན་ཀོང་ཏུང་ནས་ཀྲུང་དབྱང་དུ་ལས་སྒྱུར་གནང་བ་དང་། མི་རིགས་ཆོས་ལུགས་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་དོ་དམ་གནང་བས་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བ་ཇེ་ཆེར་དང་མཛའ་གྲོགས་ཀྱང་ཇེ་ཟབ་ཏུ་སོང་། ཁོང་གཉིས་དབར་སྔོན་ཆད་ལྟར་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་བ་གནང་གི་ཡོད། པཎ་ཆེན་རིན་པོ་ཆེ་གཟིགས་ཞིབ་དང་། ཕྱི་རྒྱལ་དུ་ཕེབས་པ། བྱེད་སྒོ་གལ་ཆེན་སྤེལ་བ་བཅས་གནང་རིམ་བཞིན་ཞིས་ཀྲུང་ཤུན་གྱིས་ཁོང་ལ་གཅིག་ནས་སྐུ་གཟུགས་ལ་ཐུགས་ཅག་དང་གཉིས་ནས་གནད་དོན་ཐག་གཅོད་གནང་སྐབས་ཐུགས་རྣལ་དུ་ཕབ་པ་དང་སྐུ་རླུང་མི་བཞེངས་པའི་ཞལ་ཏ་གནང་གི་ཡོད་ལ། པཎ་ཆེན་རིན་པོ་ཆེས་ཀྱང་ཕྱིར་ལོག་གནང་རིམ་བཞིན་ཞིས་ཀྲུང་ཤུན་བཙལ་ནས་སྙིང་གཏམ་གླེང་གི་ཡོད།
         1982ལོའི་ཟླ་3ཚེས་11ཉིན་པཎ་ཆེན་རིན་པོ་ཆེས་ཞིས་ཀྲུང་ཤུན་དང་ཧུའུ་ཡའོ་པང་ལ་འཕྲིན་ཡིག་གནང་ནས་སྐབས་འོས་འཚམས་ཤིག་ལ་ཀན་སུའུ་དང་། སི་ཁྲོན། ཡུན་ནན། བོད་ལྗོངས་བཅས་ཀྱི་བོད་རིགས་ས་ཁུལ་དུ་གཟིགས་ཞིབ་འཚམས་འདྲི་གནང་རྒྱུའི་རེ་བ་བཏོན། ཞིས་ཀྲུང་ཤུན་གྱིས་འཕྲིན་ཡིག་གཟིགས་རྗེས་དེ་མུར་ཧུའུ་ཡའོ་པང་ལ་ཕུལ་བ་དང་ཕྱི་ཉིན་བློ་མཐུན་ཧུའུ་ཡའོ་པང་གིས་མཆན་འགོད་མཛུབ་སྟོན་གནང་བ་འདི་ལྟ་སྟེ། “ལོ་ལྟར་གཟིགས་ཞིབ་གཟིགས་སྐོར་ཐེངས་རེ་གཉིས་གནང་བའི་ཐབས་ཤེས་དེ་ཡག་པོ་འདུག སྐུ་གཟུགས་ཐང་བའི་ཏང་ཕྱིའི་གྲོགས་པོ་གཞན་དག་ཚོས་ཀྱང་འདི་ལྟར་བྱ་རྒྱུའི་སྐུལ་མ་གཏོང་བ་དང་བསྔགས་བརྗོད་བྱེད་ཆོག འདི་ལོ་པཎ་ཆེན་རིན་པོ་ཆེས་གཟིགས་ཞིབ་གནང་བར་ཀྲུང་ཤུན་དང་། ལན་ཧྥུའུ། ཕེང་ཁྲུང་བཅས་བློ་མཐུན་གྱིས་གཏན་འཁེལ་གནང་རོགས། ངའི་བསམ་པར་ལོ་གཉིས་རིང་ཁོང་ཕེབས་མ་མྱོང་བའི་ས་ཁུལ་གཙོ་བོར་འཛིན་ན་སྙམ། ང་ཚོའི་རྒྱལ་ཁབ་ཧ་ཅང་ཆེ་བས་གང་ས་གང་དུ་ཕེབས་ཙམ་གནང་ན་གཟིགས་རྒྱ་ཆེ་རུ་འགྲོ་ཐུབ། གཟིགས་རྒྱ་ཆེ་རུ་ཕྱིན་ཚེ་རྒྱལ་ཁབ་ཀྱི་དོན་ཆེན་ལ་བསམ་གཞིག་དེ་བས་ལེགས་པ་བྱེད་ཐུབ། དེ་ཡང་ང་ཚོས་ཏང་ཕྱིའི་གྲོགས་པོ་གསོ་སྐྱོང་དང་རོགས་སྐྱོར་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་རེད། འོན་ཀྱང་རྒྱུས་མངའ་ཡེ་ནས་མེད་པའི་ས་གནས་སུ་ཕེབས་སྐབས་གཏམ་བཤད་བྱེད་དབང་དེ་ཙམ་མེད། དེར་བརྟེན་གཟིགས་ཞིབ་མང་ཙམ་དང་། བརྟག་དཔྱད་མང་ཙམ། སློབ་སྦྱོང་མང་ཙམ་བཅས་གནང་དགོས། འོན་ཏེ་དགོངས་འཆར་གསུངས་མི་ཆོག་པ་ཡང་མ་ཡིན། གསལ་པོ་རྟོགས་པ་དང་བསམ་བློ་ཡག་པོ་འཁོར་ཚེ་གསུངས་ཆོག དེ་ཡང་སྦྱོང་བརྡར་ཞིག་ཡིན་པ་དང་གལ་སྲིད་པཎ་ཆེན་རིན་པོ་ཆེས་བོད་རིགས་ས་ཁུལ་དུ་མ་ཕེབས་ན་ཡག་པོ་མེད་པ་དགོངས་ཚེ་ས་གནས་རེ་ཟུང་ལ་ཕེབས་ཆོག ངས་ཀྱང་ངོ་རྒོལ་བྱེད་ཀྱི་མེད”
         ཟླ་བ་བཞི་པའི་ཟླ་མཇུག་ཏུ་པཎ་ཆེན་རིན་པོ་ཆེ་སྨན་ཁང་དུ་ལི་ཝུའེ་ཧན་ལ་གཟིགས་པར་ཕེབས་སྐབས་སླར་ཡང་བོད་དུ་བསྐྱོད་རྒྱུའི་རེ་བ་བཏོན་གནང་བ་རེད། ལི་ཝུའེ་ཧན་གྱིས་པཎ་ཆེན་རིན་པོ་ཆེར་ཆབ་སྲིད་ཐད་ཁྱེད་རང་རྒྱལ་གཅེས་པ་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ལ་བརྩི་སྲུང་གནང་གི་ཡོད་པས་དུས་དང་རྣམ་པ་ཀུན་ཏུ་བོད་དུ་ཕེབས་ཆོག ཁྱེད་རང་བོད་དུ་ཕེབས་ཚེ་སྲིད་ཇུས་དོན་འཁྱོལ་བྱེད་པར་ཕན་པ་ཡོད་པར་ང་ལ་ཡིད་ཆེས་ཡོད། འོན་ཀྱང་གལ་སྲིད་རྒྱུན་གཏན་མིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཐོན་ནས་ཐོན་སྐྱེད་ལ་འགོག་རྐྱེན་བཟོ་བ་དང་། དམངས་དུབ་རྒྱུ་ཟད། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གནོད་པ་བཅས་མ་ཟད། ཐ་ན་མི་ཤི་བའི་གནས་ཚུལ་ཐོན་ཚེ་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་དང་འགལ་བ་དང་སྤྱི་ཚོགས་རིང་ལུགས་དང་མི་མཐུན་པ་མ་ཟད། ཁྱེད་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཡིན་པའི་ཐོབ་ཐང་དང་ཡང་མཐུན་གྱི་མེད་པས། ཁྱེད་རང་གིས་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གནས་བབ་ཐོག་ནས་གནད་དོན་ལ་བསམ་བློ་གཏོང་གནང་རྒྱུའི་རེ་བ་ཡོད། སྤྱི་ཚོགས་ཡར་ཐོན་འགྲོ་བཞིན་ཡོད་པས་ཆོས་ལུགས་ཀྱི་བྱེད་སྒོའང་སྤྱི་ཚོགས་ཀྱི་ཡར་ཐོན་དང་འཚམ་པ་བྱེད་དགོས་ཞེས་གསུངས་པ་རེད། པཎ་ཆེན་རིན་པོ་ཆེས་གསན་རྗེས་ལི་ཝུའེ་ཧན་ལ་ཁྱེད་རང་གིས་སྙིང་གཏམ་གསུངས་པར་ཐུགས་རྗེ་ཆེ། དེ་ལས་ངས་གནད་དོན་གནས་ས་ཤེས་བྱུང་། རང་ཉིད་ལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་པཎ་ཆེན་གྱི་འགལ་བ་གནས་ཡོད། ཞིབ་ཕྲའི་བྱ་ཐབས་ཚང་མས་གྲོས་བསྡུར་བྱེད་ཆོག་ཅེས་གསུངས་པ་རེད། ལོ་དེའི་དབྱར་དུས་སུ་པཎ་ཆེན་རིན་པོ་ཆེ་གཞི་ནས་ཐུགས་འདུན་ལྟར་བོད་དུ་གཟིགས་ཞིབ་དང་བཅར་འདྲི་གནང་བར་ཕེབས་ཐུབ་པ་རེད། ཟླ་7ཚེས་10ཉིན་ཁོང་གིས་ལྷ་སའི་ལས་བྱེད་པའི་ཚོགས་ཆེན་ཐོག“རང་ཉིད་བྱིས་དུས་ནས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་དང་རྒན་རབས་ཀྱི་འབྱོར་མེད་གྲལ་རིམ་གསར་བརྗེ་མཁས་ཅན་ཀྲུའུ་ཞི་མའོ་ཙེ་ཏུང་དང་། ཙུང་ལི་ཀྲོའུ་ཨེན་ལའེ། ཀྲུའུ་ཞི་ལིའུ་ཧྲའོ་ཆི། ཨུ་ཡོན་ཀྲང་ཀྲུའུ་ཏེ། དམག་སྤྱི་ཁྲེན་དབྱི། དམག་སྤྱི་ཧོ་ལུང་སོགས་ཀྱི་སློབ་གསོ་དང་། གསོ་སྐྱོང་། ཐུགས་ཁུར་བཅས་འོག་འཚར་ལོངས་བྱུང་། ངའི་ཐམས་ཅད་ཏང་གི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། ངས་ཏང་དང་འབྱོར་མེད་གྲལ་རིམ་གསར་བརྗེ་པ་རྒན་རབས་ཚོར་དམིགས་བསལ་གྱི་བརྩེ་སེམས་ཟབ་མོ་བཅངས་ཡོད། ལོ་30ཡི་རིང་ངས་ཏང་གི་བཀའ་སློབ་ལ་བརྩི་སྲུང་ཞུས་ཏེ་རང་ཉིད་ཀྱིས་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་དང་། རྒྱ་བོད་མི་རིགས་ཀྱི་སྤུན་ཟླའི་མཛའ་སེམས་ལ་ཤུགས་སྣོན་རྒྱག་པ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་བཅས་ལ་ཕན་ཡོད་ཀྱི་བྱ་བ་འགའ་ཞིག་སྒྲུབ་དགོས་པའི་རེ་བ་བཅོལ་གྱི་ཡོད”ཅེས་བོད་ནས་ཞལ་མ་གྱེས་གོང་པཎ་ཆེན་རིན་པོ་ཆེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་དགོངས་འཆར་བརྗེ་རེས་གནང་བ་དང་ལས་བྱེད་པ་དང་ཆོས་ལུགས་གནད་དོན་ཐད་རང་ཉིད་ཀྱི་གཟིགས་སྟངས་གླེང་གནང་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་བ་དང་ཞིས་ཀྲུང་ཤུན་གྱིས་གཟིགས་རྗེས“བོད་ཀྱི་གནད་དོན་གྱི་འགག་རྩ་ནི་ཏཱ་ལ་དང་པཎ་ཆེན་གྱི་གནད་དོན་ཡིན་ཞིང་དེའང་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན། ད་ལྟ་ཡང་ཏཱ་ལ་དང་པཎ་ཆེན་རྣམ་གཉིས་ལ་གཞི་རྩའི་ངོས་འཛིན་བྱེད་པའི་གནད་དོན་ཞིག་ཡིན། ཁོང་གཉིས་པོར་རྣམ་འགྱུར་འཛིན་སྟངས་གཏན་འཁེལ་ཐུབ་ཚེ་གཞི་ནས་བོད་ལྗོངས་ས་ཁུལ་གྱི་སྲིད་ཇུས་དང་བྱེད་ཕྱོགས་འདོན་ཆོག དེ་ལྟར་མིན་ཚེ་ང་ཚོའི་བསམ་བློ་འཁྲུག་པ་དང་བྱེད་ཕྱོགས་གསལ་པོ་མེད་པར་གྱུར་ནས་སྲིད་ཇུས་ཀྱི་འགལ་ཟླ་ཐོན་ཏེ་ལས་དོན་ཁྲོད་ནོར་འཁྲུལ་ཐོན་སྲིད”ཅེས་མཆན་འགོད་མཛུབ་སྟོན་གནང་བ་རེད།
         1989ལོའི་ཟླ་12ཚེས་28ཉིན་གྱི་ཐོ་རེངས་སུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་དུ་གདུང་རྟེན་ལ་རབ་གནས་གནང་བའི་མཛད་སྒོའི་ཐོག་གློ་བུར་སྙིང་ནད་ཀྱིས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་དགོངས་པ་ཆོས་དབྱིངས་སུ་ཐིམས། གཏམ་ངན་ཐོས་རྗེས་ཞིས་ཀྲུང་ཤུན་ཧང་སངས་པ་དང་སྐྱོ་སྣང་ཆེན་པོ་བྱུང་ཞིང་། ཟླ་2ཚེས་20ཉིན་ཁོང་གིས་《མི་དམངས་ཉིན་རེའི་ཚགས་པར་》ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་པཎ་ཆེན་རིན་པོ་ཆེ་མཆོག་ལ་སྙིང་དབུས་ནས་མྱ་ངན་ཞུ་བའི་རྩོམ་ཡིག་སྤེལ་གནང་བ་རེད། ༼ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། ༽

  
2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30