མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ“གསར་བརྗེའི་གནས་རྙིང་
དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ”
བཅས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་09ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། 2015ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་སྤོ་སྒྱུར་འཕར་སྣོན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གསར་བརྗེའི་གནས་གཞིའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་སོགས་ལ་གཏོང་སྤྲོད་སྤོ་སྒྱུར་བྱེད་ཤུགས་གཙོ་གནད་ཐོག་ཆེ་རུ་བཏང་ནས་གོང་གསལ་ས་ཁུལ་གྱི་འཕེལ་རྒྱས་གཏོང་ནུས་ཆེ་རུ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
         2015ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་གསར་བརྗེའི་གནས་གཞིའི་ཁུལ་རྙིང་པར་མ་དངུལ་སྒོར་དུང་ཕྱུར་78གཏོང་སྤྲོད་སྤོ་སྒྱུར་བྱས་པ་དང་ཁ་གསབ་རོགས་སྐྱོར་བྱ་ཡུལ་ནི་ཀྲུང་གོའི་གསར་བརྗེའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་ནོར་སྲིད་ཐད་དཀའ་ངལ་ཡོད་པའི་ཡུག་སྦྲེལ་ས་ཁུལ་དང་རྫོང་(གྲོང་ཁྱེར་དང་ཆུས)རྙིང་པ་ཡིན་ཞིང་། མ་དངུལ་དག་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོབ་དང་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོ་དང་སྒྱུར་བཀོད་བྱེད་པ་སོགས་གནས་གཞིའི་ཁུལ་རྙིང་པའི་ཆེད་གཉེར་ལས་དོན་དང་དེ་བཞིན་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། གྲོང་གསེབ་ཀྱི་འགྲོ་ལམ། འཐུང་ཆུའི་བདེ་འཇགས་སོགས་གནས་གཞིའི་ཁུལ་རྙིང་པའི་དམངས་འཚོའི་ལས་དོན་ཐད་སྤྱད་པ་རེད།
         ཀྲུང་དབྱང་ནོར་སྲིད་ཀྱིས་མི་རིགས་ས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་582གཏོང་སྤྲོད་སྤོ་སྒྱུར་བྱས་ཏེ་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པར་གྲངས་ཉུང་མི་རིགས་ས་ཁུལ་ཚང་མར་ཁྱབ་པ་དང་འབྲེལ་གཏོང་སྤྲོད་སྤོ་སྒྱུར་མ་དངུལ་བརྟན་པོའི་ངང་འཕར་བའི་ལམ་སྲོལ་བཙུགས་པ་རེད།
         ཀྲུང་དབྱང་ནོར་སྲིད་ཀྱིས་མཐའ་མཚམས་ས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་582གཏོང་སྤྲོད་སྤོ་སྒྱུར་བྱས་ཏེ་སྐམ་སའི་མཐའ་མཚམས་ལས་དོན་དང་རྒྱ་མཚོ་དོ་དམ་ལས་དོན་སོགས་ཐད་ཁ་གསབ་རོགས་སྐྱོར་བྱས་ཡོད། ཁ་གསབ་རོགས་སྐྱོར་བྱ་ཡུལ་དེ་ནང་སོག་དང་། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཀོང་ཤིས། ཡུན་ནན། བོད་ལྗོངས། ཀན་སུའུ། ཤིན་ཅང་སོགས་སྐམ་སའི་མཐའ་མཚམས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་9དང་དེ་བཞིན་ཕུའུ་ཅན་དང་། ཞ་མོན། ཧྲན་ཏུང་། ཀོང་ཏུང་། ཧའེ་ནན། ཏ་ལེན། ཀྲེ་ཅང་། ཉིང་པོ་སོགས་མཚོ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་8དང་རྫོང་དང་གྲོང་ཁྱེར་བསྡོམས་250ལ་ཁྱབ་ཡོད་པ་རེད།
         ཀྲུང་དབྱང་ནོར་སྲིད་ཀྱིས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་467བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་དབུལ་ཕོངས་གྲོང་ཚོར་གཙོ་བོར་སྤྲད་པ་དེའི་ནང་གསར་སྣོན་བྱས་པའི་མ་དངུལ་དག་གཙོ་བོ་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ལ་སྤྱད་པ་དང་མ་དངུལ་བགོ་བཤའ་རྒྱག་པ་དེ་ནུབ་རྒྱུད་ས་ཁུལ་(ཞིབ་བསྡུར་བྱས་ཏེ་ནུབ་རྒྱུད་གསར་སྤེལ་ཆེ་མོའི་སྲིད་ཇུས་དང་འཚམ་པའི་དབུལ་ཕོངས་ས་ཁུལ)དང་། དབུལ་ཕོངས་གྲངས་ཉུང་མི་རིགས་ས་ཁུལ། དབུལ་ཕོངས་མཐའ་མཚམས་ས་ཁུལ། དབུལ་ཕོངས་གསར་བརྗེའི་གནས་གཞིའི་ཁུལ་རྙིང་པ་བཅས་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་པ་རེད།

  
2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30