མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཙུང་ལིའི་
ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་17ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་12ཚེས་15ཉིན་གྱི་སྔ་དྲོར་ཀྲེང་ཀྲོའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་སྐབས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བདེ་འཇགས་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་སྲོལ་རྒྱུན་ཁྱབ་ཁོངས་ཆེན་པོ་གསུམ་ལ་དོ་ཁུར་བྱེད་པའི་རྨང་གཞིའི་ཐོག་མཉམ་ལས་ཀྱི་སྟེགས་བུ་ཆེ་བ་དྲུག་གཙོ་གནད་དུ་བཏོད་དེ་ཕྱོགས་ཁག་གི་མཛའ་མཐུན་མཉམ་ལས་ལ་གྲུབ་འབྲས་བརྟན་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ་ཞེས་བསྟན་གནང་བ་སྟེ།
         གཅིག་ནས་བདེ་འཇགས་མཉམ་ལས་ཀྱི་སྟེགས་བུ་བརྟན་པོ་འཛུགས་དགོས་པ། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མཐའ་སྲུང་མཉམ་ལས་གྲོས་ཆོད་》དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་དང་། ཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིངས་ལ་མིང་རྟགས་འགོད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དུག་འགོག་གི་འགན་ནུས་ལ་ཤུགས་སྣོན་རྒྱག་པ། ཨ་ཧྥུ་ཀ་ནི་སི་ཐན་མི་རིགས་འདུམ་འགྲིག་གི་འཕེལ་རིམ་ལ་རྒྱབ་སྐྱོར་བཅས་བྱེད་དགོས། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་གྱི་འབྲེལ་བའི་རྒྱབ་ལྗོངས་འོག་རྒྱལ་ཁབ་ཁག་གིས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུའི་ཐད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཏེ་ས་ཁུལ་གྱི་འཕེལ་རྒྱས་ཆེད་བློས་འགེལ་ཆོག་པའི་བདེ་འཇགས་ཀྱི་ཁོར་ཡུག་གཏོད་དགོས་པ་དང་།
         གཉིས་ནས་ཐོན་ནུས་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་དགོས་པ། ཀྲུང་གོ་ཕྱོགས་ནས་རང་ངོས་ཀྱི་བྱང་ཆུབ་པའི་ལག་རྩལ་དང་སྤུས་ལེགས་ཀྱི་ཐོན་ནུས་ས་ཁུལ་དེ་གའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤུས་ཀ་ལེགས་ལ་རིན་གོང་འཚམ་པའི་སྒྲིག་ཆས་ཐོན་རྫས་དང་ལས་གྲྭ་འགན་གཙང་ལེན་གྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། མཉམ་ལས་ཀྱི་ལས་གྲྭ་བསྐྲུན་ཆོག་ལ་ས་ཆ་དེ་རང་དུ་ཐོན་སྐྱེད་ལས་སྣོན་ཡང་བྱས་ནས་ས་གནས་དེ་གའི་ལས་ཞུགས་མང་དུ་གཏོང་རོགས་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་ཡོད་ཉམས་མྱོང་རྒྱ་ཆེར་གཏོང་བ་དང་། རྒྱལ་ཁབ་ཁག་གི་དགོས་མཁོ་དང་ཟུང་འབྲེལ། ཐུན་མོང་ཐོག་ཞུགས་རྒྱུ་མངོན་གསལ་དུ་ཐོན་པ། གཙོ་གནད་རྣམ་གྲངས་འདེམས་སྒྲུག་ཞིབ་ཚགས་བྱས་ཏེ་སྲིད་གཞུང་གིས་སྣེ་ཁྲིད་དང་། ཁེ་ལས་ཀྱིས་ཇུས་འགོད། ཁྲོམ་རས་འཁོར་སྐྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་རྒྱལ་སྤྱིའི་འགྲན་ནུས་ལྡན་པའི་ཐོན་ལས་མཉམ་ལས་ཀྱི་སྦྲེལ་ཐག་གཏོད་འདོད་ཡོད་པ།
         གསུམ་ནས་ཕན་ཚུན་འབྲེལ་མཐུད་ཀྱི་མཉམ་ལས་སྟེགས་བུ་མགྱོགས་མྱུར་འཛུགས་པ། གཞུང་ལམ་དང་ལྕགས་ལམ་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གཙོ་གནད་རྣམ་གྲངས་འཆར་གཞི་ཡོད་པ་དང་གོ་རིམ་དབྱེ་ནས་ལག་བསྟར་བྱས་ཏེ་ཨེ་ཤེ་ཡ་དབུས་མའི་ས་ཁུལ་འགག་རྩར་བྱས་པའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོའི་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་མིག་འཛུགས་གྲུབ་འཚོལ་ཞིབ་བྱེད་པ། ཡོ་རོབ་དབུས་མའི་སྐྱེལ་འདྲེན་ལས་ཆོད་ཆེ་རུ་གཏོང་བ། ལན་ཡུན་སྒང་གྲུ་ཁར་རྒྱལ་སྤྱིའི་ཟོག་འདྲེན་ཁུལ་འཛུགས་པ་ཁོངས་མིའི་རྒྱལ་ཁབ་ཀྱི་སྲུང་སྐར་སྟོན་ཕྱོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ།
         བཞི་ནས་དངུལ་ཁང་གི་མཉམ་ལས་ཀྱི་སྟེགས་བུ་གསར་གཏོད་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངུལ་ཁང་མཉམ་འབྲེལ་སྒྲིག་གཞི་དང་ལམ་སྲོལ་མུ་མཐུད་ལེགས་པར་བེད་སྤྱད་དེ་དངུལ་ཁང་མཉམ་འབྲེལ་སྒྲིག་གཞིའི་ཁོངས་མི་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་མ་བརྟན་པོ་བཏང་ནས་རྣམ་གྲངས་ཆེ་གྲས་ལག་ལེན་བསྟར་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་ཕྱོགས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ལ་སྔ་རྗེས་སུ་དངུལ་བུན་གྲངས་ཚད་ཨ་སྒོར་དུང་ཕྱུར་271མཁོ་འདོན་བྱས་ཏེ་ཁོངས་མིའི་རྒྱལ་ཁབ་དང་། གཟིགས་ཞིབ་ཁོངས་མིའི་རྒྱལ་ཁབ། གླེང་གྲོགས་ལ་ཕྱོགས་པའི་ཀྲུང་གོའི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མཉམ་ལས་ཀྱི་ཐེབས་རྩ་འཛུགས་པ་དང་འབྲེལ་རྣམ་གྲངས་དང་པོ་དེ་འཛུགས་དགོས་པ།
         ལྔ་ནས་ས་ཁོངས་ཉོ་ཚོང་མཉམ་ལས་ཀྱི་སྟེགས་བུ་འཛུགས་པ། ས་ཆ་དེ་གའི་དོན་དངོས་དང་ཟུང་འབྲེལ་དང་། ཕྱོགས་ཁག་གི་ཁེ་ཕན་དང་དོ་ཁུར་ལ་ཕན་ཚུན་ལྟ་རྟོག བྱེད་ཐབས་ནུས་ལྡན་སྤྱད་པ་བཅས་བྱས་ཏེ་ཉོ་ཚོང་དང་འགག་སྒོ་དེ་བས་སྟབས་བདེ་དང་རང་མོས་ལ་སྐུལ་མ་གཏོང་དགོས་པ།
         དྲུག་ནས་སྤྱི་ཚོགས་དམངས་འཚོའི་མཉམ་ལས་སྟེགས་བུ་འཛུགས་པ། ཞིང་ནགས་འབྲོག་ཉ་བཅས་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ལག་རྩལ་དང་འབྲུ་རིགས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་འབྲུ་རིགས་ཀྱི་བདེ་འཇགས་ཐུན་མོང་ཐོག་འགན་ལེན་བྱེད་དགོས། ཁོར་ཡུག་སྲུང་སྐྱོང་གི་མཉམ་ལས་གྲུབ་ཆ་ཐུན་མོང་ཐོག་འཐུས་ཚང་དུ་བཏང་སྟེ“ལྗང་མདོག་དར་གོས་ལམ་བུའི་ཕོ་ཉའི་འཆར་འགོད”བཟོས་ནས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

  
2015-12-17 215-12-09 2015-12-06 2015-12-02