མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ནས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་བརྟེན་ཏེ་ཞིང་དར་ཞིང་ཕན་ཡོང་བར་བྱེད་དགོས་པའི་བཀོད་སྒྲིག་བྱས་པ་དང་། ཐད་ཀར་མ་དངུལ་མཉམ་བསྡུའི་བསྡུར་ཚད་མངོན་གསལ་གྱིས་མཐོ་རུ་གཏོང་བའི་བྱ་ཐབས་མུ་མཐུད་སྤྱད་ནས་དངུལ་རྩའི་ཞབས་ཞུའི་དཔལ་འབྱོར་དངོས་ཚན་གྱི་ཕན་འབྲས་མཐོ་རུ་གཏོང་དགོས་པའི་གཏན་འབེབས་བྱས་པ། རྒྱལ་ཡོངས་ཀྱི་རྡོ་སོལ་གློག་གཏོང་གི་གློག་དྲའི་གློག་རིན་དམའ་རུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་སྟེ་གྲུབ་ཆ་བཟང་སྒྲིག་ཡོང་བར་སྐུལ་མ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
         ཚོགས་འདུའི་ཐོག་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་ལ་བརྟེན་ཏེ“གསར་གཏོད་གཉིས”ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་གྲོང་གསེབ་ཏུ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སྣོལ་སྡེབ་མཉམ་འདྲེས་ཡོང་བར་སྐུལ་མ་གཏོང་རྒྱུ་ནི། ཞིང་ལས་དེང་རབས་ཅན་དང་གསར་དར་གྲོང་ཁྱེར་གྲོང་རྡལ་ཅན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་འཕར་དང་། ཞིང་པར་འབབ་འཕར། གྲོང་གསེབ་དར་རྒྱས་བཅས་ལ་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། གཅིག་ནས་ས་ཁུལ་ཁག་གིས་ཡུལ་བབ་དང་ལས་རིགས་ལ་འཚམས་པའི་མཉམ་འདྲེས་ཐབས་ཤེས་མང་པོ་འཚོལ་རྒྱུར་སྐུལ་མ་གཏོང་དགོས་པ་དང་། གཉིས་ནས་ཚོང་གཉེར་བྱེད་པོ་སྣ་ཚོགས་སྟོབས་ཆེར་གཏོང་དགོས། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མ་དང་། ཕ་ཡུལ་ལ་ཕྱིར་ལོག་མཁན་སོགས་ཀྱིས་མཉམ་ལས་ཁང་དང་ཁྱིམ་ཚང་འབྲོག་ར་གཉེར་རྒྱུར་ཁྲིད་སྟོན་དང་། སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱས་ཏེ་ཐད་ཀར་མ་འཇོག་དང་། མ་རྐང་ཚོང་གཉེར། ཡུན་རིང་གན་རྒྱ་འཇོག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་པར་རྣམ་པ་སྣ་ཚོགས་ཀྱི་གཞི་ཁྱོན་དང་འཚམས་པའི་ཚོང་གཉེར་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་པ། གསུམ་ནས་ཁེ་ཕན་དང་འབྲེལ་བའི་ལམ་སྲོལ་འཛུགས་དགོས་པ། བཞི་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེན་པོ་ཡོང་བར་བྱེད་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།
         ཚོགས་འདུའི་ཐོག་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་བྱ་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་གྲུབ་ཆ་བཟང་སྒྲིག་ཡོང་བ་བྱེད་པ། ཐད་ཀར་མ་དངུལ་མཉམ་བསྡུ་འཕེལ་རྒྱས་ཧུར་ཐག་བཏང་ཚེ། མ་དངུལ་མཉམ་བསྡུའི་ཐབས་ལམ་རྒྱ་ཆེར་འགྲོ་རྒྱུ་དང་སྤྱི་ཚོགས་ཀྱི་མ་དངུལ་མཉམ་བསྡུའི་མ་གནས་དང་འདེགས་ཤིང་གི་ཚད་གཞི་དམའ་རུ་འགྲོ་རྒྱུར་ཕན་ཐོགས་བྱུང་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་སྒྱུར་བཅོས་ལ་སྐུལ་མ་ཐེབས་པ་དང་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་རྒྱབ་སྐྱོར་ཐོབ་ནས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས།
         ཚོགས་འདུའི་ཐོག་གློག་རིན་གྱི་འགལ་བ་སེལ་བར་བརྟེན་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། བཟོ་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བཅས་ཡོང་བར་སྐུལ་མ་གཏོང་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད།

  
2015-12-17