མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་ཕྱིར་ཚོང་སྤུས་ཚད་བདེ་འཇགས་ལྟ་
སྐུལ་དོ་དམ་བྱ་ཐབས་》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཟླ་1ཚེས་8ཉིན་གནས་ཚུལ་སྤེལ་ནས་《བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་ཕྱིར་ཚོང་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་ཐབས་》དེ་2016ལོའི་ཟླ་3ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད།
         བྱ་ཐབས་ཀྱི་ནང་དོན་གཙོ་བོ་ནི། གཅིག་ནས་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་ཕྱིར་ཚོང་ལྟ་སྐུལ་དོ་དམ་བྱེད་ཁོངས་དབྱེ་ཞིབ་གསལ་པོ་བྱས་ཤིང་། བྱ་ཐབས་དེའི་ནང་བཟའ་བཅའི་ཞིང་ལས་ཐོན་རྫས་ཁྲོམ་རའི་ཕྱིར་ཚོང་ནི་གཅིག་སྡུད་ཉོ་ཚོང་ཁྲོམ་ར་དང་། ཚོང་ཁང་། སྒོ་རྩིས་ཚོང་ཁང་། རྩག་རྩིག་ཚོང་ཁང་སོགས་བརྒྱུད་བཟའ་བཅའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་པའི་བྱེད་སྒོར་ཟེར་བ་ཁ་གསལ་བཟོས་ཡོད་པ་དང་།
         གཉིས་ནས་བཟའ་བཅའི་ཞིང་ལས་ཐོན་རྫས་ཁྲོམ་རའི་ཕྱིར་ཚོང་གི་འབྲེལ་ཡོད་གཙོ་གཟུགས་ཀྱི་འོས་འགན་ཁ་གསལ་བཟོས་ཤིང་། བྱ་ཐབས་དེའི་ནང་བཟའ་བཅའི་ཞིང་ལས་ཐོན་རྫས་གཅིག་སྡུད་ཉོ་ཚོང་ཁྲོམ་ར་གཉེར་མཁན་གྱིས་བཟའ་བཅའི་ཞིང་ལས་ཐོན་རྫས་ཁྲོམ་རའི་ཆོག་འཐུས་དོ་དམ་ལག་བསྟར་བྱེད་པ་དང་། བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་རའི་ནང་ཕྱིར་ཚོང་བྱེད་མཁན་གྱི་ཡིག་ཚགས་བཟོ་བ། ཁྲོམ་རའི་ཆ་འཕྲིན་སྙན་ཞུའི་ལམ་ལུགས་བཟོ་བ། བཟའ་བཅའི་ཞིང་ལས་ཐོན་རྫས་ཞིབ་བཤེར་ལམ་ལུགས་བཟོ་བ། བཟའ་བཅའི་བདེ་འཇགས་ལས་འཛོལ་ཐག་གཅོད་ཇུས་གཞི་བཟོ་བ་སོགས་འོས་འགན་ཁ་གསལ་བཟོས་ཡོད་པ།
         གསུམ་ནས་བཟའ་བཅའི་ཞིང་ལས་ཐོན་རྫས་ཁྲོམ་རའི་ཆོག་འཐུས་ཀྱི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོས་ཤིང་། བྱ་ཐབས་དེའི་ནང་བཟའ་བཅའི་ཞིང་ལས་ཐོན་རྫས་གཅིག་སྡུད་ཉོ་ཚོང་ཁྲོམ་རའི་ནང་བཏོན་པར་ངེས་པར་དུ་བཟའ་བཅའི་ཞིང་ལས་ཐོན་རྫས་ཐོན་ཡུལ་གང་ཡིན་ངོ་སྤྲོད་དམ་ཡང་ན་ཚོང་ཟོག་ཉོ་སྒྲུབ་ཀྱི་དཔང་འཛིན་དང་ཚད་མཐུན་ལག་ཁྱེར་བཅས་མཁོ་འདོན་བྱེད་དགོས་པ་དང་དེ་དག་མཁོ་འདོན་བྱེད་མི་ཐུབ་ཚེ་ངེས་པར་དུ་ཟུར་འཐེན་ཞིབ་བཤེར་རམ་ཡང་ན་མགྱོགས་མྱུར་ཞིབ་བཤེར་ཚད་ལེན་བྱེད་དགོས་པ་དང་། ཟུར་འཐེན་ཞིབ་བཤེར་རམ་ཡང་ན་མགྱོགས་མྱུར་ཞིབ་བཤེར་ཚད་ལེན་ཚད་ལོན་ཚེ་ཁྲོམ་རའི་ཐོག་ཕྱིར་ཚོང་བྱེད་ཆོག་པ་ཁ་གསལ་བཟོས་ཡོད་པ་བཅས་རེད།
         རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་གི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་ལ་《བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་ཕྱིར་ཚོང་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་ཐབས་》དྲིལ་བསྒྲགས་དང་ལག་བསྟར་ལས་དོན་ཡག་པོ་སྤེལ་ནས་བཟའ་བཅའི་ཞིང་ལས་ཐོན་རྫས་ཁྲོམ་རའི་ཕྱིར་ཚོང་བྱ་ཐབས་སྔར་བས་ཚད་ལྡན་བཟོས་ཏེ་ལྟ་སྐུལ་དོ་དམ་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱས་ཐོག་སྤྱི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་འགན་ལེན་བྱེད་དགོས་པའི་རེ་བ་བཏོན་ཡོད།

  
2016-01-09 2015-12-31