མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་
འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུའི་སྐོར་གྱི་བསམ་
འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་གཉིས་བསྡུ་སྒྲིལ་བྱས་ཏེ་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།
         《བསམ་འཆར་》ནང་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུ་དེ་ནི་སྨན་དང་སྨན་པའི་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་དྲང་སྙོམས་ངང་གཞི་རྩའི་སྨན་བཅོས་འགན་བཅོལ་ཁེ་དབང་ལོངས་སུ་སྤྱོད་ཐུབ་པ་བྱེད་པ། སྤྱི་ཚོགས་དྲང་སྙོམས་གཞུང་དྲང་ཡོང་རྒྱུར་སྐུལ་མ་གཏོང་བ། མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དོན་གཉེར་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། གཞི་རྩར་གཞི་ཚུགས་པ་དང་དྲང་སྙོམས་འགན་ལེན་བྱ་རྒྱུ་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ལམ་སྲོལ་གསར་གཏོད་དང་ནུས་ཕྱོད་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་རིམ་བཞིན་འཛུགས་དགོས།
         《བསམ་འཆར་》ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྲིད་ཇུས་བསྡུ་སྒྲིལ་བྱེད་པའི་ཐད“གཅིག་གྱུར་དྲུག”གི་བླང་བྱ་ཁ་གསལ་བཏོན་ཡོད་པ་སྟེ། གཅིག་ནས་ཁྱབ་ཁྱོན་གཅིག་གྱུར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་དེ་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་དགོས་རིགས་ཀྱི་མི་སྣ་ཕུད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་གཞན་དག་ཡོངས་ལ་ཁྱབ་པ་བྱེད་དགོས་པ་དང་། གཉིས་ནས་མ་དངུལ་གྲབས་གསོག་སྲིད་ཇུས་གཅིག་གྱུར་བྱེད་དགོས། མ་དངུལ་གྲབས་གསོག་བྱེད་ཐབས་མང་པོ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་གྱི་མ་དངུལ་གྲབས་གསོག་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱས་ནས་ད་ཡོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་མི་སྒེར་གྱི་གྲོན་འཇལ་ཚད་གཞི་ཧེ་བག་ཆེ་ཙམ་ཡོད་པའི་ས་ཁུལ་གྱིས་ཧེ་བག་ཡོད་པའི་གྲོན་འཇལ་བྱེད་ཐབས་སྤྱད་དེ་རིམ་བཞིན་བར་བརྒལ་བྱེད་ཆོག གསུམ་ནས་འགན་ལེན་ཐོབ་ཐང་གཅིག་གྱུར་བྱེད་དགོས། འགན་ལེན་ཁྱབ་ཁོངས་དང་གཏོང་སྤྲོད་ཚད་གཞི་རིམ་བཞིན་གཅིག་གྱུར་བཟོ་བ་དང་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ནད་སྡོད་སྨན་རིན་གཏོང་སྤྲོད་ཀྱི་བསྡུར་གྲངས་75%ཙམ་ནང་རྒྱུན་འཁྱོངས་ཀྱིས་སྒོ་བསྟེན་སྨན་བཅོས་འགན་ལེན་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས་པ། བཞི་ནས་སྨན་བཅོས་འགན་བཅོལ་དཀར་ཆག་གཅིག་གྱུར་བྱེད་པ། ཞིང་ཆེན་(ཆུས་དང་གྲོང་ཁྱེར)ཁག་གིས་ད་ཡོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་དཀར་ཆག་གི་རྨང་གཞིའི་ཐོག་འགན་བཅོལ་ནང་ཞུགས་མཁན་གྱི་དགོས་མཁོའི་འགྱུར་ལྡོག་ལ་གང་ཙམ་བསྟུན་ནས་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་སྨན་རྫས་དང་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་དཀར་ཆག་བཟོ་དགོས་པ། ལྔ་ནས་གནས་གཏན་འཁེལ་གྱི་དོ་དམ་གཅིག་གྱུར་བྱེད་པ། གནས་གཏན་འཁེལ་སྒྲིག་གཞིའི་དོ་དམ་བྱ་ཐབས་གཅིག་གྱུར་བཟོས་ནས་གནས་གཏན་འཁེལ་ཞབས་ཞུའི་གྲོས་མཐུན་འཇོག་པ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དཔྱད་ཞིབ་གདེང་འཇོག་གི་ལམ་སྲོལ་དང་སྒུལ་རྣམ་གྱི་ནང་འཇུག་ཕྱིར་འཐེན་ཆོག་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ། དྲུག་ནས་ཐེབས་རྩ་དོ་དམ་གཅིག་གྱུར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་རྒྱལ་ཁབ་ནས་གཅིག་གྱུར་བྱས་པའི་ཐེབས་རྩའི་ནོར་དོན་ལམ་ལུགས་དང་། རྩིས་གཉེར་ལམ་ལུགས། ཐེབས་རྩའི་སྔོན་རྩིས་མཇུག་རྩིས་དོ་དམ་ལམ་ལུགས་བཅས་ལག་བསྟར་བྱེད་དགོས་པ་བཅས་སོ།
         《བསམ་འཆར་》ནང་ནན་བཤད་བྱས་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུ་དེ་ནི་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན་པས་ཞིང་ཆེན་(ཆུས་དང་གྲོང་ཁྱེར)ཁག་གིས་2016ལོའི་ཟླ་བ་དྲུག་པའི་ཟླ་མཇུག་གོང་ལམ་ལུགས་བསྡུ་སྒྲིལ་ཐད་འཆར་འགོད་བཀོད་སྒྲིག་བྱེད་དགོས། གཅིག་གྱུར་འཆར་འགོད་ཡོད་པའི་ས་ཁུལ་ཁག་གིས་2016ལོའི་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་གོང་ཞིབ་ཕྲའི་ལག་བསྟར་ཇུས་གཞི་འདོན་དགོས། ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཚོད་ལྟའི་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུ་དེ་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ལ་བརྩིས་ནས་སྨན་བཅོས་སྒྱུར་བཅོས་ཀྱི་ལས་དོན་གཞན་དག་དང་སྤྱི་འདོམས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྐུལ་མ་མྱུར་པོ་གཏོང་དགོས།

  
2016-01-09 2015-12-31