མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འཐབ་ཁུལ་འཛུགས་པའི་ཚོགས་
ཆེན་ནང་ཞུགས་པ་དང་འབྲེལ་དམག་དར་གནང་ནས་བཀའ་ཤོག་ཕབ་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་03ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་བཅིངས་འགྲོལ་དམག་གི་འཐབ་ཁུལ་འཛུགས་པའི་ཚོགས་ཆེན་དུ་གསུང་བཤད་གནང་བ།

མི་དམངས་བཅིངས་འགྲོལ་དམག་གི་འཐབ་ཁུལ་འཛུགས་པའི་ཚོགས་ཆེན་དུ་གསུང་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འཐབ་ཁུལ་འཛུགས་པའི་ཚོགས་ཆེན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་དང་། ལྷོ་རྒྱུད་འཐབ་ཁུལ། ནུབ་རྒྱུད་འཐབ་ཁུལ། བྱང་རྒྱུད་འཐབ་ཁུལ། དབུས་རྒྱུད་འཐབ་ཁུལ་བཅས་ལ་དམག་དར་གནང་བ་དང་འབྲེལ་བཀའ་ཤོག་ཕབ་ནས་ཤར་རྒྱུད་འཐབ་ཁུལ་དང་། ལྷོ་རྒྱུད་འཐབ་ཁུལ། ནུབ་རྒྱུད་འཐབ་ཁུལ། བྱང་རྒྱུད་འཐབ་ཁུལ། དབུས་རྒྱུད་འཐབ་ཁུལ་བཅས་འཛུགས་པ་དང་འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྒྲིག་གཞི་བཙུགས་པ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བཏོན་པའི་འཐབ་ཇུས་ཇུས་གཞི་ཞིག་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་སྒྱུར་བཅོས་བྱ་རྒྱུ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས། རང་དམག་གི་མཉམ་འབྲེལ་དམག་འཐབ་མ་ལག་བསྐྲུན་པའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རིམ་བཅས་ཡིན་པས་རང་དམག་གིས་དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་པ་འགན་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་པར་གལ་འགངས་ཆེ་བའི་དོན་སྙིང་གཏིང་ཟབ་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་དངོས་སུ་འགོ་ཚུགས་པ་དང་དཔོན་དམག་ཚོས་གྲལ་སྟར་འགྲིག་པོས་རུ་སྟར་བསྒྲིགས་པ་དང་ཚོགས་ར་ཡོངས་སུ་རྒྱལ་གླུ་མཐོན་པོར་བླངས། གཟབ་སྦྲེང་གུས་ལུགས་དམག་མིས་བརྒྱད་གཅིག་དམག་དར་སྲུང་སྐྱེལ་བྱས་ཏེ་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད། ཞིས་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ལིའུ་གཡོད་ཅུན་དང་ཆབ་སྲིད་ཨུ་ཡོན་ཀྲེང་ཝེ་ཕིང་དང་། ལྷོ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཝང་ཅའོ་ཁྲེང་དང་ཆབ་སྲིད་ཨུ་ཡོན་ཝེ་ལེང་། ནུབ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཀྲའོ་ཙུང་ཆི་དང་ཆབ་སྲིད་ཨུ་ཡོན་ཀྲུའུ་ཕུའུ་ཤིས། བྱང་རྒྱུད་འཐབ་་ཁུལ་གྱི་སི་ལིང་ཡོན་སུང་ཕུའུ་ཞོན་དང་ཆབ་སྲིད་ཨུ་ཡོན་ཁྲུའུ་དབྱི་མིན། དབུས་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཧན་ཝེ་གོ་དང་ཆབ་སྲིད་ཨུ་ཡོན་དབྱིན་ཕང་ལུང་བཅས་ལ་རེ་རེ་བཞིན་དམག་དར་གནང་བ་རེད། འཐབ་ཁུལ་ལྔ་ཡི་སི་ལིང་ཡོན་དང་ཆབ་སྲིད་ཨུ་ཡོན་གྱིས་ཞིས་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་ཁོང་གི་ཕྱག་ནས་དམག་དར་བླངས་རྗེས་གུས་སྟབས་ཀྱིས་ལངས། ཚོགས་ར་ཡོངས་ཀྱི་དཔོན་དམག་གིས་དམག་དར་ལ་སྒམ་བརླིང་ལྡན་པའི་ངང་གུས་འདུད་ཞུས་པ་རེད།
         དམག་དར་གནང་བའི་མཛད་སྒོ་འཚོགས་རྗེས་ཞིས་ཅིན་ཕིང་གིས་བཀའ་ཤོག་ཕབ་ཅིང་། ཁོང་གིས་འཐབ་ཁུལ་གྱིས་འཐབ་ཇུས་འདིའི་ཁ་ཕྱོགས་ཀྱི་བདེ་འཇགས་དང་ཉེན་ཁར་ཁ་གཏད་གཅོག་པ་དང་། ཞི་བདེར་སྲུང་སྐྱོང་བྱེད་པ། དམག་འཁྲུག་བཀག་འགོག་བྱེད་པ། དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་བྱེད་པ་བཅས་ཀྱི་འགན་འཁྲི་ཁུར་ཡོད་པས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་དང་དམག་དོན་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་གལ་འགངས་ཆེ་བའི་ཕན་ནུས་ལྡན་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་འཐབ་ཁུལ་ཁག་གིས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་མཐའ་གཅིག་ཏུ་ལག་ལེན་བསྟར་བ། དམག་ཨུད་ཀྱིས་སྤྱི་ཁྱབ་དོ་དམ་དང་། འཐབ་ཁུལ་གྱིས་དམག་འཐབ་གཙོ་བོ། དམག་རིགས་ཀྱིས་འཛུགས་སྐྲུན་གཙོ་བོ་བཅས་ཀྱི་སྤྱིའི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་རྦད་དེ་བློ་དཀར་དང་། དམག་འཐབ་མཁས་པ། བཀོད་འདོམས་ནུས་ཆེ། ངེས་པར་དུ་རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྒྲིག་གཞི་ཞིག་བསྐྲུན་དགོས་ཞེས་བཀའ་གནང་བ་རེད།
          ——འཐབ་ཁུལ་ཁག་གིས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་དམག་དཔུང་ལ་ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་དང་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་བསྲུངས་ཐོག་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀའ་རྒྱའི་མཆན་འགོད་མཛུབ་སྟོན་ཆད་ལུས་མེད་པར་ལག་བསྟར་བྱེད་དགོས་པ་དང་།
         ——འཐབ་རྩལ་ཁུལ་ཁག་གིས་བློ་རྩེ་གཅིག་སྒྲིམ་ངང་དམག་རྒྱག་འཐབ་རྩལ་བརྩོན་ཞིབ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ་ལ་དོ་ཁུར་དང་། འཐབ་ཇུས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ། དེང་དུས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་གནས་ལུགས་ཞིབ་འཇུག་བྱེད་པ། དམག་དོན་སྟོབས་ཤུགས་བཀོལ་སྤྱོད་བྱེད་པའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་ཁུལ་གྱི་འཐབ་ཇུས་བཟོ་རྒྱུར་དམ་འཛིན་བྱེད་པ། དམག་འཐབ་ཇུས་གཞིའི་འཆར་འགོད་ལེགས་སུ་གཏོང་བ། མཉམ་འབྲེལ་སྦྱོང་བརྡར་དང་བཀོད་འདོམས་སྦྱོང་བརྡར་ལ་དམ་འཛིན་བཅས་བྱས་ཏེ་འབྱུང་འགྱུར་དམག་འཁྲུག་གི་རང་འགུལ་དབང་ཆ་ཧུར་བརྩོན་དང་རང་འགུལ་ངང་བརྩོན་ལེན་བྱེད་དགོས་པ།
         ——འཐབ་ཁུལ་ཁག་གིས་མཉམ་འབྲེལ་དམག་འཐབ་ལ་བཀོད་འདོམས་ནུས་ལྡན་བྱས་ཏེ་དམག་ཨུད་ཀྱིས་སྤྲད་པའི་བཀོད་འདོམས་འགན་དབང་དོན་འཁྱོལ་བྱེད་པ་དང་ཞི་བདེ་དང་དམག་འཁྲུག་གཞི་གཅིག་དང་། རྒྱུན་གཏན་ངང་འཁོར་རྒྱུག ཆེད་དོན་གཙོ་གཉེར། གོ་ཆོད་ནུས་ཆེ་བཅས་ཀྱི་བླང་བྱ་གཞིར་བཟུང་བཀོད་འདོམས་ནུས་པ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་བཀོད་འདོམས་འབྲེལ་བ་གསེད་དཀྲོལ། མཉམ་འབྲེལ་བཀོད་འདོམས་དང་། མཉམ་འབྲེལ་བྱ་སྤྱོད། མཉམ་འབྲེལ་འགན་ལེན་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔུང་སྡེ་སྒྲིག་འཛུགས་ཏན་ཏིག་གིས་རྒྱུན་གཏན་གྱི་དམག་གྲབས་དང་དམག་དོན་བྱ་སྤྱོད་ཀྱི་ལས་འགན་ལེགས་སྒྲུབ་བྱེད་དགོས་པ།
         ——འཐབ་ཁུལ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་དམག་མི་སྣེ་ཁྲིད་དེ་དམག་རྒྱག་གྲ་སྒྲིག་བྱེད་པ་དང་ཏང་དང་མི་དམངས་ཀྱི་འབོད་སྐུལ་རྟག་ཏུ་ཉན་ནས་དམག་འཐབ་རུ་ཁག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། དཀའ་སྡུག་ལ་མི་སྐྲག་པ་དང་ཤི་རྒྱུར་མི་སྐྲག་པའི་དམག་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ། དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་སྤྱོད་ཚུལ་གསོ་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་འགན་ལེན་བྱས་ཐོག་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་དམག་དཔུང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཏེ་ཏང་དང་མི་དམངས་ལ་གཟེངས་སུ་ཐོན་པའི་རྒྱུགས་ལན་གཅིག་འབུལ་དགོས་པ་བཅས་རེད།

ཤར་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ལིའུ་གཡོད་ཅུན་དང་ཆབ་སྲིད་ཨུ་ཡོན་ཀྲེང་ཝེ་ཕིང་ལ་དམག་དར་གནང་བ།
ཤར་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ལིའུ་གཡོད་ཅུན་དང་ཆབ་སྲིད་ཨུ་ཡོན་ཀྲེང་ཝེ་ཕིང་ལ་དམག་དར་གནང་བ།
ལྷོ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཝང་ཅའོ་ཁྲེང་དང་ཆབ་སྲིད་ཨུ་ཡོན་ཝེ་ལེང་ལ་དམག་དར་གནང་བ།
ལྷོ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཝང་ཅའོ་ཁྲེང་དང་ཆབ་སྲིད་ཨུ་ཡོན་ཝེ་ལེང་ལ་དམག་དར་གནང་བ།
ནུབ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཀྲའོ་ཙུང་ཆི་དང་ཆབ་སྲིད་ཨུ་ཡོན་ཀྲུའུ་ཕུའུ་ཤིསལ་དམག་དར་གནང་བ།
ནུབ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཀྲའོ་ཙུང་ཆི་དང་ཆབ་སྲིད་ཨུ་ཡོན་ཀྲུའུ་ཕུའུ་ཤིསལ་དམག་དར་གནང་བ།
བྱང་རྒྱུད་འཐབ་་ཁུལ་གྱི་སི་ལིང་ཡོན་སུང་ཕུའུ་ཞོན་དང་ཆབ་སྲིད་ཨུ་ཡོན་ཁྲུའུ་དབྱི་མིན་ལ་དམག་དར་གནང་བ།
བྱང་རྒྱུད་འཐབ་་ཁུལ་གྱི་སི་ལིང་ཡོན་སུང་ཕུའུ་ཞོན་དང་ཆབ་སྲིད་ཨུ་ཡོན་ཁྲུའུ་དབྱི་མིན་ལ་དམག་དར་གནང་བ།
དབུས་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཧན་ཝེ་གོ་དང་ཆབ་སྲིད་ཨུ་ཡོན་དབྱིན་ཕང་ལུང་ལ་དམག་དར་གནང་བ།
དབུས་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཧན་ཝེ་གོ་དང་ཆབ་སྲིད་ཨུ་ཡོན་དབྱིན་ཕང་ལུང་ལ་དམག་དར་གནང་བ།