མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་ཞིས་ཅིན་ཕིང་ཅང་ཤིས་སུ་རྒྱ་ཆེའི་ལས་བྱེད་པ་
དང་མང་ཚོགས་ལ་བདེ་གཟིགས་འཚམས་འདྲི་གནང་བར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་ཞིས་ཅིན་ཕིང་ཅང་ཤིས་སུ་རྒྱ་ཆེའི་ལས་བྱེད་པ་
དང་མང་ཚོགས་ལ་བདེ་གཟིགས་འཚམས་འདྲི་གནང་བར་ཕེབས་པ།

         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོའི་སྤྲེལ་ལོའི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཅང་ཤིས་སུ་རྒྱ་ཆེའི་ལས་བྱེད་པ་དང་། མང་ཚོགས། ཅང་ཤིས་སུ་བཅའ་སྡོད་དཔུང་སྡེ་བཅས་ལ་བདེ་གཟིགས་འཚམས་འདྲི་གནང་བར་ཕེབས་པ་མ་ཟད། ད་དུང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་གཟུགས་པོ་བདེ་ཐང་དང་ཁྱིམ་ཚང་འཆམ་མཐུན་ཡོང་བའི་སྨོན་འདུན་ཞུས་པ་དང་། སྒྱུར་བཅོས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བའི་སྨོན་འདུན་ཞུས་པ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་གི་དཔོན་དམག ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
         ཟླ་2ཚེས་1ཉིན་ནས་ཚེས་3ཉིན་བར་ཞིས་ཅིན་ཕིང་ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཆང་ཝུའེ་དང་ཧྲེང་ཀྲང་ལུའུ་ཤིན་ཧྲེ་ཡི་ཕེབས་རོགས་འོག་ཅི་ཨན་དང་། ཅིང་ཀང་ཧྲན། ནན་ཁྲང་སོགས་ཀྱི་གྲོང་གསེབ་དང་། ཁེ་ལས། སློབ་གྲྭ སྡེ་ཁུལ། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དྲན་གསོ་ཁང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་སྐོར་མཛུབ་ཁྲིད་གནང་བ་དང་འབྲེལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུ་ལུགས་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་མཚོན་པར་གནང་བ་རེད།
         ཚེས་1ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་པེ་ཅིང་ནས་གནམ་གྲུར་བཞུགས་ཏེ་ཅང་ཤིས་ཞིང་ཆེན་ཅི་ཨན་གྲོང་ཁྱེར་དུ་ཕེབས་པ་དང་དེ་རྗེས་རླངས་འཁོར་བཞུགས་ནས་ཅིང་ཀང་ཧྲན་དུ་ཕེབས་པ་རེད།
         ཚེས་2ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་ཅིང་ཀང་ཧྲན་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཕེབས་ཤིང་། དྲན་གསོ་ཁང་གི་མྱ་ངན་སེམས་གསོ་ཚོམས་ཆེན་དུ་ཁོང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་མེ་ཏོག་སི་ར་ཕུལ་བ་དང་འབྲེལ་གུས་འདུད་ལན་གསུམ་ཞུས་པ་རེད། བཤམས་སྟོན་ཁང་དང་བློ་དཀར་བླ་སྲོག་ཚོམས་ཁང་དུ་ཞིས་ཅིན་ཕིང་གིས་རྒྱལ་ཁབ་གསར་འཛུགས་བྱེད་པའི་དུས་སུ་མཛད་རྗེས་ཆེན་པོ་འཇོག་མཁན་དང་སྔོན་གཤེགས་དཔའ་བོ་ཚོའི་འདྲ་པར་ལ་སྤྱན་ཟུང་ཅེ་རེར་གཟིགས་བཞིན་དུ་ཅིང་ཀང་ཧྲན་ནི་གསར་བརྗེའི་རི་བོ་དང་དམག་འཐབ་ཀྱི་རི་བོ་ཞིག་ཡིན་ལ་དཔའ་བོའི་རི་བོ་དང་གཟི་བརྗིད་ཀྱི་རི་བོ་ཞིག་ཀྱང་ཡིན། གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཞུ་བར་སླེབས་རིམ་བཞིན་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག སྤྱིར་བཏང་མིན་པའི་ལོ་ཟླ་ཡིད་ལ་བསྐྱར་དུ་འཁོར་བའི་དུས་སུ་ང་ཚོས་དེ་བས་ཀྱང་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་བླ་ན་མེད་པའི་གུས་འདུད་ཞུ་དགོས་པ་དང་། ཁོང་ཚོ་དུས་ནམ་ཡང་མི་བརྗེད་པར་བྱེད་དགོས། ཁོང་ཚོའི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་དགོས་ཞེས་མྱོང་བ་ཟབ་མོས་གསུངས་པ་རེད།
         སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ནས་བྲལ་རྗེས་ཞིས་ཅིན་ཕིང་ཅིང་ཀང་ཧྲན་གྱི་ཟུར་བརྒྱད་ཐོག་ཁང་སོགས་གསར་བརྗེའི་རྟེན་གཞི་རྙིང་པ་ཚོགས་ཆགས་ཡུལ་དུ་ཕེབས་ཤིང་། གསར་བརྗེའི་རྟེན་གཞི་རྙིང་པ་ཚོགས་ཆགས་ཡུལ་གྱི་ཧྲེན་ཏེ་དེབ་ཁང་དུ་ཞིས་ཅིན་ཕིང་གིས་སྔོན་གཤེགས་དཔའ་བོའི་མི་རབས་རྗེས་མ་དང་སྔོན་ཐོན་མི་སྣའི་འཐུས་མི་6ལ་མཇལ་འཕྲད་གནང་ཞིང་། དེའི་ཁྲོད་ཀྱི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་ཀུང་ཆོན་ཀྲེན་དང་མའོ་པིང་ཧྭ་གཉིས་པོ་ནི་ལོ་93དང་ལོ་87ལ་སླེབས་པའི་རྒན་རྒོན་གཉིས་རེད། ཞིས་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ནི་དཔའ་བོ་གོང་དུ་བཀུར་བ་དང་། དཔའ་བོ་སྐྱེད་སྲིང་བྱེད་པ། དཔའ་བོ་རྒྱུན་མི་ཆད་པར་ཐོན་པ་བཅས་ཀྱི་མི་རིགས་ཤིག་ཡིན། ཞི་བདེའི་དུས་སུའང་དཔའ་བོའི་སེམས་ཤུགས་དགོས་ཞེས་གསུངས་པ་རེད།
         དམར་དམག་སྔོན་གཤེགས་དཔའ་བོའི་མི་རབས་རྗེས་མ་ཙོ་ཤིའུ་ཧྥ་ཡི་ཁྱིམ་དུ་ཞིས་ཅིན་ཕིང་གིས་ཙོ་ཤིའུ་ཧྥ་དང་བཅས་པའི་ནང་མིས་ས་གནས་དེ་གའི་ཐོན་ཁུངས་ལ་གཞི་ཚུགས་པ་དང་སྨྱུག་མ་ལས་སྣོན་ལས་རིགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་པར་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་ཁོང་ཚོར་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་དབུལ་སྐྱོར་དང་དབུལ་སྒྲོལ་གྱི་བྱེད་ཐབས་དང་ལས་དོན་དེ་ངེས་པར་དུ་གནད་ལ་སྨིན་པ་ཞིག་དགོས། དུད་ཚང་དང་མིའི་གནས་ཚུལ་དང་བསྟུན་ཏེ་དབུལ་སྐྱོར་གནད་ལ་སྨིན་པ་ཞིག་བྱེད་པ་ལས་ཧ་རེ་ཧུ་རེ་གཏན་ནས་བྱེད་མི་རུང་ཞེས་བསྟན་གནང་བ་རེད།
          ཚེས་3ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་ནན་ཁྲང་གྲོང་ཁྱེར་གྱི་ཁེ་ལས་དང་། མཐོ་སློབ། སྡེ་ཁུལ་བཅས་སུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཞིས་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་མཆོག་ནོར་ཞིག་ཡིན། ངེས་པར་དུ་སྲུང་སྐྱོང་ཡག་པོ་དང་། སྔོག་འདོན་ཡག་པོ། འཕེལ་རྒྱས་ཡག་པོ། རྒྱུན་འཛིན་ཡག་པོ་བཅས་བྱེད་དགོས། སྨན་བཟོ་ཁེ་ལས་ཚང་མས་སྤུས་ཚད་ཀྱི་འདུ་ཤེས་དང་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤུས་ཀ་དག་ལ་སྨན་ནུས་ཆེ་བའི་སྨན་རྫས་ཞིབ་བཟོ་དང་ཐོན་སྐྱེད་ཧུར་ཐག་བྱེད་པ། སྨན་རྫས་རྫུས་མ་དང་སྤུས་ཞན་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་དམངས་ཡོངས་གཟུགས་གཞི་བདེ་ཐང་ཡོང་བ་བྱ་ཕྱིར་ལེགས་སྐྱེས་མང་པོ་འབུལ་དགོས་ཞེས་བསྟན་གནང་བ་རེད།
         ནན་ཁྲང་སློབ་ཆེན་དུ་ཞིས་ཅིན་ཕིང་རྒྱལ་ཁབ་ཀུའེ་ཅི་LEDལས་གྲྭ་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཞིས་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་དམག་ཅིག་ཡིན་པའི་སློབ་ཆེན་ཁག་གིས་ཤེས་ལྡན་པ་གསོ་སྐྱོང་ལམ་སྲོལ་དང་སློབ་གསོ་གཏོང་སྟངས་གསར་གཏོད་བྱས་ཏེ་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཕྱིར་ཚད་ལོན་ཤེས་ལྡན་པ་དང་གསར་གཏོད་ཤེས་ལྡན་པ་སྔར་བས་མང་པོ་གསོ་སྐྱོང་བྱེད་དགོས་ཞེས་བསྟན་གནང་བ་དང་སྦྲགས་དེང་དུས་ཀྱི་སློབ་ཆེན་སློབ་མ་ཚོས་གོ་སྐབས་དམ་འཛིན་བྱེད་པའི་ཁར་སློབ་སྦྱོང་བྱ་རྒྱུ་དང་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་ཟུང་འབྲེལ་དམ་ཟབ་དང་སྤྱི་ཚོགས་དང་མི་དམངས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལང་ཚོར་བརྟེན་ནས་ཕུགས་བསམ་མངོན་དུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཏུང་ཧུའུ་ཆུས་ཕུང་ཅ་ཆའོ་སྲང་ལམ་ཀོང་མིང་སྡེ་ཁུལ་དུ་ཞིས་ཅིན་ཕིང་གིས་སྡེ་ཁུལ་གྱི་དྲིལ་བསྒྲགས་ཡིག་སྒྲོམ་དང་སྡེ་ཁུལ་ཞབས་ཞུ་ས་ཚིགས་ཀྱི་དོན་གཅོད་ཚོམས་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ཏེ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་དང་། དམངས་ཕན་ཞབས་ཞུ། ཞི་མཐུན་གཏོད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། སྡེ་ཁུལ་གྱིས་ཀུན་སྤྱོད་འཆད་ཁྲིད་ཁང་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱས་ཚུལ་ངོ་སྤྲོད་ཞུས་པ་གསན་རྗེས་ཞིས་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱ་རྒྱུ་ནི་དོན་ཆེན་ཞིག་ཡིན། དེས་ན་སྤྱི་ཚོགས་ཡོངས་ཀྱིས་དམ་འཛིན་ལྷོད་མེད་བྱེད་དགོས་ལ་སྡེ་ཁུལ་གྱིས་རང་ཉིད་ཀྱི་སྟེགས་བུ་བེད་སྤྱོད་དང་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱང་བྱེད་དགོས་ཞེས་གསུངས་པ་རེད།
         རྟོག་ཞིབ་གནང་རིང་། ཞིས་ཅིན་ཕིང་གིས་ཅང་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་རྗེས་ཅང་ཤིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཅང་ཤིས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ནས་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་སྒུལ་ཤུགས་འཕེལ་བར་བྱེད་པ་དང་། གསར་གཏོད་ལས་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད་པ། ཁྱད་ལྡན་ལེགས་ཆར་བརྟེན་ནས་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་བར་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རྒྱལ་ཁ་གསར་པ་ཧུར་ཐག་ལེན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་ནི་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་སྣེ་ཁྲིད་པ་ཞིག་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་ནི་གཏན་འཇགས་འགྱུར་མེད་ཅིག་མིན། འཕེལ་རྒྱས་ཀྱི་ཁོར་ཡུག་དང་ཆ་རྐྱེན་ལ་འགྱུར་ལྡོག་འགྲོ་བ་དང་ཆབས་ཅིག་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱང་རང་བཞིན་དུ་འགྱུར་ལྡོག་འགྲོ་གི་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཅང་ཤིས་ཀྱི་སྣོད་བཅུད་མཛེས་ཤིང་ལྟ་ན་སྡུག་པ་དང་དེ་གར་གྲགས་ཅན་མཛེས་ལྗོངས་མང་པོ་ཡོད། ལྗང་མདོག་སྣོད་བཅུད་ནི་རྒྱུ་ནོར་ཆེ་ཤོས་དང་། ལེགས་ཆ་ཆེ་ཤོས། སྤུས་རྟགས་ཆེ་ཤོས་བཅས་ཡིན་པས་ངེས་པར་དུ་སྲུང་སྐྱོང་ཡག་པོ་དང་རི་ཆུ་ཀླུང་གསུམ་བདག་སྐྱོང་ཡག་པོ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་གྱི་ཆུ་ཚད་མཐོར་གཏོང་ཐད་ཕན་ཚུན་གཞོགས་འདེགས་དང་གཅིག་ཕན་གཅིག་གྲོགས་ཀྱི་ལམ་བུ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་དམངས་འཚོ་འགན་ལེན་དང་ལེགས་གཏོང་ཐད་རྒྱུན་མི་ཆད་པའི་འགོ་འཛུགས་ས་གསར་པ་ལས་རྫོགས་དུས་མེད། དེས་ན་དམིགས་སའི་རང་བཞིན་དེ་བས་ཆེ་བ་དང་། ཁྱབ་ཁྱོན་དེ་བས་ཆེ་བ། ནུས་པ་དེ་བས་ཐད་ཀར། ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ལ་དཀའ་གནད་སེལ་རོགས་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྒྲུབ་རོགས། མང་ཚོགས་ལ་དྲང་སྙོམས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་རོགས་བཅས་དངོས་འབྲེལ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཅིང་ཀང་ཧྲན་ནི་ཀྲུང་གོའི་གསར་བརྗེའི་འབྱུང་གནས་ཤིག་ཡིན། ཅིང་ཀང་ཧྲན་གྱི་དུས་སུ་ང་ཚོར་བཞག་པའི་རྩ་ཆེ་ཤོས་ཀྱི་རྒྱུ་ནོར་ནི་དུས་དང་བར་སྟོང་ལས་བརྒལ་བའི་ཅིང་ཀང་ཧྲན་གྱི་སྙིང་སྟོབས་དེ་ཡིན་ཞེས་གསུངས་པ་རེད།
         རྟོག་ཞིབ་གནང་རིང་། ཞིས་ཅིན་ཕིང་གིས་ནན་ཁྲང་དུ་ཅང་ཤིས་སུ་བཅའ་སྡོད་དཔུང་སྡེའི་ཧྲི་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་སྒྲིག་གཞི་ཚང་བའི་ཐོན་ཚན་པའི་དམག་དཔོན་གཙོ་བོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཚང་མ་དང་དྲན་རྟེན་སྐུ་པར་བསྐྱོན་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ་རེད།