མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་དུས་ཆེན་བསུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་དུས་ཆེན་བསུས་པ།

         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་མེ་སྤྲེལ་ལོའི་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་ཟླ་1ཚེས་29ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མི་དང་དགའ་འཛོམས་གནང་སྟེ་ཐུན་མོང་ཐོག་དཔྱིད་གསར་དུས་ཆེན་བསུས་གནང་ཞིང་། ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་ཚོར་བླ་ན་མེད་པའི་འཚམས་འདྲི་དང་དཔྱིད་གསར་གྱི་རྟེན་འབྲེལ་ཞུས་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་འདུར་ཕེབས་པ་རེད།
         ཧན་ཆི་ཏེ་ཡིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད།
         ཧན་ཆི་ཏེ་ཡི་ཤིས་ཚིག་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་2015ལོར་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད་བྱས་ཏེ་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་ཁྲིད་སྟོན་གྱིས་ཉེན་ཁ་ཆེན་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་ཐུབ་པ་བྱས་ནས་དཔལ་འབྱོར་གྱི་དངོས་ཤུགས་དང་། ཚན་རྩལ་གྱི་དངོས་ཤུགས། རྒྱལ་སྲུང་གི་དངོས་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཕོག་ཤུགས་བཅས་ཚང་མ་སྐས་རིམ་གསར་པར་སླེབས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པ”དངོས་སུ་འགོ་བཙུགས་པའི་ལོ་ཞིག་ཡིན་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་རྒྱུས་ཀྱི་ལེའུ་དངོས་སུ་རྩོམ་འགོ་ཚུགས་པའི་ལོ་གཅིག་ཡིན། སླད་ཕྱིན་གྱི་ལོ་5ཡི་ནང་ལས་དོན་ཁག་ཚང་མ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དུས་ཐོག་ཏུ་སྐྲུན་རྒྱུར་དམིགས་ནས་བཀོད་སྒྲིག་དང་། དོན་འཁྱོལ། སྐུལ་གཏོང་བཅས་བྱེད་དགོས། རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་དུས་གཏན་སྐྱེལ་འདྲེན་གྲུ་གཟིངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཕ་རོལ་ལ་སླེབས་པ་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་གིས་དེར་དམ་འཛིན་ཡག་པོ་བྱེད་དགོས་ལ་ཀྲུང་གོ་གུང་ཁྲན་ཏང་དང་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིས་མཉམ་དུ་ཁ་ཕྱོགས་སྒྱུར་བྱེད་ཀྱི་སྐྱ་བ་ཡག་པོ་བཟུང་དགོས་པའི་ནན་བཤད་གནང་བ་རེད།