མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་
སོ་གཅིག་པ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་03ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལོ་རྒྱུས་ཐོག་གི་དར་གོས་ལམ་བུ་དང་མཚོ་ཐོག་གི་དར་གོས་ལམ་བུའི་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཅིག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུ་ནི་རང་རྒྱལ་གྱིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་བྱ་ཐབས་གལ་ཆེན་ཞིག་དང་གཉིས་ཁེ་གཉིས་ཕན་ཁྱབ་གདལ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་ལངས་ས་སྔར་བས་མཐོ་བ་དང་མཐོང་རྒྱ་སྔར་བས་ཆེ་བའི་སྒོ་ནས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་དཔྱད་གཞིར་འཛིན་པའི་རྨང་གཞིའི་ཐོག་གསར་གཏོད་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་བསམ་གཞིག་ལ་བརྟེན་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ལ“རྒྱུད་གཅིག་ལམ་གཅིག”ལས་ཁོང་ཚོར་ཕན་པ་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
           ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མཐའ་མཚམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་གོ་ཆང་གིས་གནད་དོན་དེའི་ཐད་གསལ་འགྲེལ་བྱས་པ་དང་ཆབས་ཅིག་བསམ་འཆར་དང་གྲོས་འགོ་བཏོན་ཅིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་གི་གསལ་འགྲེལ་ནན་ཏན་ངང་གསན་པ་རེད།
          ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ད་རེས་ཀྱི་སློབ་སྦྱོང་ཐད་བརྗོད་གཞི་དེ་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་གཙོ་གནད་དར་གོས་ལམ་བུ་དང་མཚོ་ཐོག་གི་དར་གོས་ལམ་བུའི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་དུས་བབ་གསར་པའི་འོག་གི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་ཐད་དཔྱད་གཞི་མཁོ་འདོན་བྱ་རྒྱུ་དེ་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་མ་ཐག་ཆུ་ནང་རྡོ་བ་འཕངས་པས་རླབས་རིས་འཕྱུར་བ་ལྟར་ཕྱི་ཕྱོགས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་ཕྱོགས་ཁག་གིས་བརྡ་ལན་ཞུས་ཡོད། ཕྱོགས་ཁག་གིས་ཚུར་སྣང་ལན་ཆ་དྲག་པོ་བྱེད་དོན་ནི་གྲོས་འགོ་དེ་དུས་རབས་ཀྱི་བླང་བྱ་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འདོད་འདུན་དང་འཚམ་པར་བརྟེན་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞི་ཟབ་མོ་ཡོད་པས་རེད། ང་ཚོ་རང་ཉིད་ཀྱི་གནས་ཚུལ་ངོས་ནས་བལྟས་ན། གྲོས་འགོ་དེ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ནང་གནས་རང་བཞིན་གྱི་བླང་བྱ་དང་འཚམ་པ་མ་ཟད་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེས་ལམ་རྒྱུད་རྒྱལ་ཁབ་ཀྱི་འདས་པའི་ལོ་རྒྱུས་ལ་སླར་ཡང་དྲན་གསོ་སྐུལ་ཡོད། གནའ་བོའི་དར་གོས་ལམ་བུ་ནི་ཚོང་དོན་ལམ་བུ་ཞིག་ཡིན་ལ་དེ་བས་མཛའ་མཐུན་གྱི་ལམ་བུ་ཞིག་ཀྱང་རེད། ཀྲུང་ཧྭ་མི་རིགས་དང་མི་རིགས་གཞན་དབར་མཛའ་མཐུན་འགྲོ་འོང་བྱེད་རིང་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་ཁོག་ཡངས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་ཁྱད་ཆོས་ལྡན་པའི་དར་གོས་ལམ་བུའི་སྙིང་སྟོབས་ཤིག་རིམ་པས་གྲུབ་ཡོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ང་ཚོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་དེ་ནི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རང་རྒྱལ་གྱི་འཕེལ་རྒྱས་དེ་ལམ་རྒྱུད་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་བྱེད་པ་དང་ཀྲུང་གོའི་ཕུགས་འདུན་དེ་ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕུགས་འདུན་དང་ཟུང་འབྲེལ་བྱས་ནས་གནའ་བོའི་དར་གོས་ལམ་བུར་དུས་རབས་ཀྱི་ནང་དོན་གསར་རྐྱང་ཞིག་ལྡན་པར་བྱེད་དགོས་ཞེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་མ་གཏོང་བར་རང་རྒྱལ་གྱི་ཁེ་ཕན་དང་ལམ་རྒྱུད་རྒྱལ་ཁབ་ཀྱི་ཁེ་ཕན་དབར་གྱི་འབྲེལ་བ་དང་། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་དབར་གྱི་འབྲེལ་བ། དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དབར་གྱི་འབྲེལ་བ། ཕྱི་ཕྱོགས་སྒོ་དབྱེ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དབར་གྱི་འབྲེལ་བ། དངོས་སྒྲུབ་སྐུལ་སྤེལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་དབར་གྱི་འབྲེལ་བ། རྒྱལ་ཁབ་ཀྱི་སྤྱིའི་དམིགས་ཚད་དང་ས་གནས་ཀྱི་ཞིབ་ཕྲའི་དམིགས་ཚད་དབར་གྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
           ཞིས་ཅིན་ཕིང་གིས་རང་རྒྱལ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་འདོན་མཁན་དང་སྐུལ་འདེད་གཏོང་མཁན་ཡིན་ནའང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོ་གཅིག་པུའི་དོན་དག་མིན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཐད་རང་རྒྱལ་གྱི་རང་ངོས་འཕེལ་རྒྱས་ཁོ་ནར་མི་དམིགས་པར་རང་རྒྱལ་འཕེལ་རྒྱས་དེ་གོ་སྐབས་ཡག་པོར་བརྩིས་ནས་རྒྱལ་ཁབ་སྔར་བས་མང་པོ་རང་རྒྱལ་འཕེལ་རྒྱས་ཀྱི་མྱུར་འཁོར་ནང་ཞུགས་སུ་བཅུག་ཐོག་ཁོ་ཚོར་འཕེལ་རྒྱས་དམིགས་ཚད་མངོན་དུ་འགྱུར་རོགས་བྱེད་དགོས། ང་ཚོས་རང་ངོས་ཀྱི་ཁེ་ཕན་གོང་འཕེལ་གཏོང་བ་དང་ཆབས་ཅིག་རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་བསམ་གཞིག་དང་ལྟ་སྐྱོང་མང་ཙམ་བྱེད་དགོས། ཡང་དག་པའི་ལ་རྒྱ་དང་ཁེ་ཕན་གྱི་ལྟ་བ་མཐའ་འཁྱོངས་ཀྱིས་ལ་རྒྱ་སྔོན་དུ་འཇོག་ཁར་ལ་རྒྱ་དང་ཁེ་ཕན་མཉམ་དུ་འཛིན་དགོས་པ་དང་། འཕྲལ་བདེ་འཕྲལ་ཕན་ལ་མི་རྔམ་པ་དང་དུས་ཐུང་ངང་ཚུལ་མི་སྒྲུབ་པ་བྱེད་དགོས། རང་རྒྱལ་དང་ལམ་རྒྱུད་རྒྱལ་ཁབ་དབར་གྱི་ཐུན་མོང་ཁེ་ཕན་དང་ཁེ་ཕན་མི་འདྲ་བར་དོ་ཁུར་སྤྱི་འདོམས་བྱས་ཏེ་ཁེ་ཕན་གྱི་འཛོམས་མདོ་སྔར་བས་མང་པོ་བཙལ་ནས་ལམ་རྒྱུད་རྒྱལ་ཁབ་ཀྱི་ཧུར་བརྩོན་སྐོང་འཐེན་བྱེད་དགོས། རང་རྒྱལ་གྱི་ཁེ་ལས་ཕྱིར་བསྐྱོད་དགོས་ན་མ་འཇོག་གི་ཁེ་ཕན་ལ་མཐོང་ཆེན་བྱེད་དགོས་པ་མ་ཟད་མཚན་སྙན་ཡག་པོ་དང་བསྔགས་བརྗོད་བཟང་པོ་དེ་བས་ཀྱང་ཐོབ་པར་བྱེད་དགོས་པ་དང་། བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་སྔར་བས་མང་བ་འཁུར་དགོས་ཞེས་གསུངས་པ་རེད།
            ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་མ་གཏོང་བར་སྲིད་གཞུང་གི་སྟངས་འཛིན་ཁ་ཕྱོགས་དང་སྤྱི་འདོམས་གཞོགས་འདེགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ལ་ཁྲོམ་རའི་ནུས་པ་ཡང་འདོན་སྤེལ་བྱེད་དགོས། སྲིད་གཞུང་གིས་དྲིལ་བསྒྲགས་འོས་སྦྱོར་དང་། མཐུན་སྦྱོར་ཤུགས་སྣོན། ལམ་སྲོལ་འཛུགས་པ་སོགས་ཀྱི་ཐད་གཙོ་ཁྲིད་རང་བཞིན་གྱི་ནུས་པ་འདོན་པ་དང་ཆབས་ཅིག་ཁྲོམ་ར་ཉིད་རྨང་གཞི་ཡིན་པ་དང་ཁེ་ལས་ཉིད་བྱེད་པོ་ཡིན་པའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་ལམ་སྲོལ་འཛུགས་རྒྱུར་དོ་སྣང་གིས་ཁེ་ལས་སྣ་ཚོགས་དེའི་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་མང་བ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་གྱིས་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཟུང་འབྲེལ་གང་ལེགས་ཀྱི་མཉམ་ལས་བྱེད་སྟངས་ཧུར་ཐག་ཆགས་པར་བྱས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་དེའི་ནང་ཞུགས་པ། དམངས་ཁྲོད་སྐུལ་སྤེལ་བཅས་ཀྱི་རྣམ་པ་ཡག་པོ་ཆགས་སུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།
            ཞིས་ཅིན་ཕིང་གིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་མཉམ་ལས་ཀྱང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན། “རྒྱུད་གཅིག་ལམ་གཅིག”དངོས་འབྲེལ་བསྐྲུན་ཐུབ་དགོས་ན་ངེས་པར་དུ་ལམ་རྒྱུད་རྒྱལ་ཁབ་དམངས་བྱིངས་ཁྲོད་ཕན་ཚུན་མོས་གུས་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་བརྩི་འཇོག་བཅས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། དམངས་སེམས་འབྲེལ་མཐུན་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཡིན་ལ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཐད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞིའང་ཡིན། དཔལ་འབྱོར་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་མཉམ་དུ་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་སུ་ལས་སྒྲུབ་ཧུར་ཐག་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རིག་གནས་ལོ་རྒྱུས་དང་ཡུལ་སྲོལ་གོམས་འདྲིས་ལ་བརྩི་འཇོག་བྱས་ནས་ལམ་རྒྱུད་རྒྱལ་ཁབ་དང་མི་དམངས་དབར་གྱི་མཛའ་མཐུན་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཆེད་སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་འདིང་དགོས། བདེ་འཇགས་ཁྱབ་ཁོངས་ཀྱི་ལམ་རྒྱུད་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ་དང་། འགན་འཁྲིའི་གཅིག་མཐུན་འདུས་གྲུབ། ལས་དབང་གི་གཅིག་མཐུན་འདུས་གྲུབ་བཅས་ཧུར་ཐག་བསྐྲུན་ནས་ཁོར་ཡུག་ཡག་པོ་མཉམ་དུ་གཏོད་དགོས། གླེང་ཕྱོགས་ཁྲིད་སྟོན་གྱི་ལས་ཀར་མཐོང་ཆེན་དང་ཡག་པོ་བསྒྲུབས་ནས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ཏེ“རྒྱུད་གཅིག་ལམ་གཅིག”གི་གཏམ་རྒྱུད་ཡག་པོ་ཤོད་པ་དང“རྒྱུད་གཅིག་ལམ་གཅིག”གི་འབོད་སྒྲ་བརྒྱུད་སྤེལ་གང་ལེགས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”སྐྲུན་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་གཏོད་དགོས་ཞེས་གསུངས་པ་རེད།
            ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཐད་རྒྱལ་ཁབ་ཀྱི་སྤྱིའི་དམིགས་ཚད་གཏན་འཁེལ་བྱེད་དགོས་ལ་ས་གནས་ཀྱི་ཧུར་བརྩོན་ཡང་འདོན་སྤེལ་བྱེད་དགོས། ས་གནས་ཀྱི་འཆར་འགོད་དང་དམིགས་ཚད་ཉིད་རྒྱལ་ཁབ་ཀྱི་སྤྱིའི་དམིགས་ཚད་དང་མཐུན་དགོས་ལ་སྤྱི་ཡོངས་དང་ཁྱོན་ཡོངས་ལ་བསྟུན་དགོས། སེམས་ཤུགས་གཙོ་བོ་དེ་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་མཐོར་གཏོང་དང་། རྒྱལ་སྤྱིའི་ནང་ཞུགས་པའི་འགྲན་རྩོད་ནུས་པ་ཆེར་གཏོང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྱུར་ཐད་ཤུགས་རྒྱག་པ་བཅས་ཀྱི་ཐད་འདོན་དགོས། རང་སའི་དངོས་ཡོད་ལ་གཞི་བཙུགས་ཏེ་གནས་བབ་ཡང་དག་བཙལ་བ་དང་ལེགས་ཆ་འདོན་སྤེལ་གྱིས་གྲུབ་འབྲས་ཏན་ཏན་ཏིག་ཏིག་ཐོབ་པར་བྱས་ཐོག་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་ཆེར་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།