མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་06ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། དམངས་ཁྲོད་མ་འཇོག་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་སྐུལ་འདེད་བཏང་ནས་དམངས་ཁྲོད་ཀྱི་མ་འཇོག་བྱེད་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་། བཟོ་སྐྲུན་ལས་རིགས་དང་དྲ་སྦྲེལ་གཉིས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས“ཀྲུང་གོས་བཟོ་སྐྲུན་བྱས་པ”རིགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ། སྡོད་ཁང་བོགས་མར་གཏོང་ལེན་གྱི་ཁྲོམ་ར་སྐྱེད་སྲིང་དང་འཕེལ་རྒྱས་ཀྱི་བྱེད་ཐབས་བཟོས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་དང་མང་ཚོགས་ཀྱི་སྡོད་ཁང་གི་དགོས་མཁོ་སྐོང་རྒྱུའི་གཏན་འཁེལ་བྱས་པ། ཀུན་འཕྲོད་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་དང་གསར་གཏོད་ལ་བརྟེན་ནས་ནང་མཁོ་ནུས་ལྡན་ངང་རྒྱ་ཆེར་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།
          ཚོགས་འདུའི་ཐོག་བསྟན་དོན། དམངས་ཁྲོད་མ་འཇོག་ནི་བརྟན་པོའི་ངང་འཕར་རྒྱུ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ། ལས་ཞུགས་ལ་སྐུལ་མ་གཏོང་རྒྱུ་བཅས་ཀྱི་འདེགས་སྐྱོར་གྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། དེང་སྐབས་དམངས་ཁྲོད་ཀྱི་མ་འཇོག་འཕར་ཚད་ཅུང་ཆག་པས། ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་ནས་འབྲེལ་ཡོད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞུགས་འཐུས་སྔར་བས་ལྷུག་ཏུ་གཏོང་བ། དྲང་གཞག་ཚོང་གཉེར་ཁོར་ཡུག་གཏོད་པ་བཅས་ཀྱི་ཐོག་ནས་དམངས་ཁྲོད་མ་འཇོག་བརྟན་དུ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ལ་རང་བཤེར་བྱེད་པའི་རྨང་གཞིའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་ཞིབ་ཚོགས་ཆུང་མངགས་གཏོང་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2014ལོར་བཏོན་པའི་གཙོ་གནད་ཁྱབ་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་ལམ་སྲོལ་གསར་གཏོད་བྱས་ནས་སྤྱི་ཚོགས་ཀྱི་མ་འཇོག་ལ་ཡར་སྐུལ་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་ཡིག་ཆ་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས། ས་ཁུལ་ཁ་ཤས་བདམས་ཏེ་ལྟ་ཞིབ་བྱེད་པ་དང་ཆབས་ཅིག་ཕྱོགས་གསུམ་པས་ཚོད་སྐོར་ཡང་བྱེད་དགོས།
          ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། དྲ་སྦྲེལ་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་གོས་བཟོ་སྐྲུན་བྱས་པ་2025ལོ་ཞེས་པར་སྐུལ་འདེད་གཏོང་རྒྱུ་ནི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ལྷག་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་བྱས་ནས་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བ་དང་། “ཀྲུང་གོས་བཟོ་སྐྲུན་བྱས་པའི”སྤུས་ཚད་དང་ཕན་འབྲས་ཆེ་རུ་མགྱོགས་སུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། དེར་བརྟེན། གཅིག་ནས་བཟོ་སྐྲུན་ཁེ་ལས་ལ་དྲ་སྦྲེལ་རྨང་གཞིར་བྱས་པའི“གསར་གཏོད་གཉིས”ཀྱི་ལས་སྟེགས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ་ས་གནས་ཀྱིས་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གསར་པའི་ཐོན་ལས་དཔེ་སྟོན་རྟེན་གཞི་དང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སོགས་ལ་བརྟེན་ནས“གསར་གཏོད་གཉིས”ཀྱི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་དགོས་པ་དང་། གཉིས་ནས་རང་གཤིས་ཅན་གྱི་ལམ་ལུགས་བཟོ་བ་དང་ཞབས་ཞུ་ཅན་གྱི་བཟོ་སྐྲུན་བྱེད་པ་སོགས་བྱ་ཐབས་གསར་པ་འཕེལ་རྒྱས་བཏང་སྟེ་རིག་ནུས་ཐོན་སྐྱེད་མ་ལག་ལ་བརྟེན་ནས་ཇུས་གཞི་ཐག་གཅོད་ཀྱི་ཚོད་ལྟ་དང་དཔེ་སྟོན་ལས་དོན་སྤེལ་དགོས་པ། གསུམ་ནས་ཁེ་ལས་འབྲིང་ཆུང་ལ་བཟོ་སྐྲུན་ཐོན་ཁུངས་དང་དྲ་སྦྲེལ་ལས་སྟེགས་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བཟོ་སྐྲུན་དང་། གཉེར་ཚོང་། ཟོག་འགྲེམས་སོགས་གཞི་གཅིག་ཅན་གྱི་སྣོད་བཅུད་གསར་པ་གཏོད་དགོས་པ། བཞི་ནས་ཐོན་རྫས་གསར་པ་དང་ལས་རིགས་གསར་པ་ཁྲོམ་རར་ཞུགས་འཐུས་ལྷུག་ཏུ་གཏོང་དགོས་པ་བཅས་སོ།
          ཚོགས་འདུའི་ཐོག་བསྟན་དོན། ཉོ་སྒྲུབ་དང་བོགས་གཏོང་གཉིས་མཉམ་དུ་ལག་བསྟར་བྱས་ནས་སྡོད་ཁང་བོགས་མར་གཏོང་ལེན་གྱི་ཁྲོམ་ར་འཕེལ་རྒྱས་གཏོང་རྒྱུ་ནི་སྡོད་ཁང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་གལ་ཆེའི་ནང་དོན་ཞིག་ཡིན་པ་དེ་ནི་ཡུལ་མི་དང་ལྷག་པར་དུ་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་གང་མགྱོགས་ལེགས་སུ་གཏོང་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་ཞིག་རེད། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། གཅིག་ནས་སྡོད་ཁང་བོགས་མར་གཏོང་ལེན་གྱི་ཁེ་ལས་འཕེལ་རྒྱས་བཏང་སྟེ་བསྐྲུན་ཟིན་པའི་སྡོད་ཁང་ངམ་ཡང་ན་གསར་སྐྲུན་སྡོད་ཁང་བེད་སྤྱོད་བྱེད་པའི་ཐད་བོགས་མར་གཏོང་ལེན་གྱི་ལས་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནས་སྤྱི་པའི་བོགས་གཏོང་ཁང་པའི་དངུལ་ལོར་ཅན་ལ་སྐུལ་འདེད་བཏང་སྟེ་སྲིད་གཞུང་གིས་འགན་ལེན་བྱ་ཡུལ་ལ་ཁྲོམ་རའི་བོགས་གཏོང་ཁང་པར་གཞིགས་ནས་ཁ་གསབ་རོགས་དངུལ་སྤྲོད་དགོས་པ། གསུམ་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་དངུལ་རྩའི་ལས་ཁུངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་ཡར་སྐུལ་བྱེད་པ་དང་བོགས་གཏོང་སྡོད་ཁང་ཐད་སྤྱོད་རྒྱུའི་ས་ཆ་འདོན་སྤྲོད་བྱེད་མང་དུ་གཏོང་དགོས་པ། བཞི་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གཅིག་གྱུར་གྱི་ཁང་པ་བོགས་མར་གཏོང་བའི་གན་རྒྱའི་དཔེ་མཚོན་ཡིག་ཆ་ཁྱབ་སྤེལ་དུ་གཏོང་བ་དང་། མཚམས་སྦྱོར་ཞབས་ཞུ་ཚད་ལྡན་དུ་གཏོང་བ། བོགས་མར་གཏོང་ལེན་གྱི་འབྲེལ་བ་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་བོགས་མར་ལེན་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་བཅས་སོ།
          ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀུན་འཕྲོད་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། འཕར་གཞི་གསར་པ་སྐྱེད་སྲིང་བྱེད་རྒྱུ། ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་དང་ཞབས་ཞུའི་ལས་རིགས་རིམ་སྤོར་ལ་སྐུལ་ཁྲིད་བྱེད་རྒྱུ་བཅས་ལ་ཕན་ཐོགས་ཡོད་པ་ཞིག་རེད། དེར་བརྟེན། གཅིག་ནས་ཐག་རིང་ལུང་ཁུག་ས་ཁུལ་དང་ས་ངོས་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། རང་བྱུང་གནོད་འཚེ་ཐོན་མང་བའི་ས་ཁུལ་དང་མི་འབོར་གཅིག་སྡུད་ཆེ་བ། ས་ངོས་འགྲིམ་འགྲུལ་ཚབས་ཆེན་འགག་པ་བཅས་ཀྱི་གྲོང་ཁྱེར་ལ་ཀུན་འཕྲོད་གནམ་ཐང་མགྱོགས་པོ་འཛུགས་སྐྲུན་བྱེད་དགོས་པ་དང་། གཉིས་ནས་ཀུན་འཕྲོད་གནམ་གྲུ་དང་ཕྱོགས་སྟོན་འཕྲིན་གཏོང་སོགས་ལྟེ་བའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་མགྱོགས་པོ་བྱས་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཀུན་འཕྲོད་མཁའ་འགྲུལ་ཁེ་ལས་སྐྱེད་སྲིང་བྱེད་དགོས་པ། བར་སྣང་གི་དམའ་ས་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་བཏང་ནས་ཀུན་འཕྲོད་མཁའ་འགྲུལ་འཕུར་སྐྱོད་ལས་འགན་ཞིབ་མཆན་འགོད་པ་དང་ཐོ་འགོད་སྙན་སེང་ཞུ་བའི་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས།