མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐེ་ཨན་པུར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་17ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐེ་ཨན་པུར་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་ཏེའུ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐེ་ཨན་པུར་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་ཨོ་དབར་གྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་དབར་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་སྔར་བས་ལེགས་པའི་ངང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་། གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཐུན་མོང་གི་ཁེ་ཕན་གཉེར་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་དང་མང་པོ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་གསོན་ཤུགས་ཆེན་པོ་ལྡན་པའི་ཀྲུང་ཨོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་ཕན་པ་ཡོད་པ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ་དང་ཕན་ཚུན་གཉིས་པོའི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་གལ་ཆེན་བྱ་ཡུལ་ལ་བརྩི་སྲུང་ཞུས་ཏེ་ཀྲུང་ཨོ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་ཐུབ་པའི་འགན་ལེན་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི“བྱང་རྒྱུད་ཐོན་འབྱེད་ཆེ་མོ”ཡི་འཆར་གཞི་ཡག་པོ་སྒྲུབ་སྟེ་ཀྲུང་གོའི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དེ་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི“རྒྱལ་ཁབ་གསར་གཏོད་དང་ཚན་རིག་གྲོས་རིམ”དང་སྦྲེལ་མཐུད་བྱས་ཏེ་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་རང་མོས་ཚོང་དོན་གྲོས་ཆོད་ལག་ལེན་ཡག་པོ་བསྟར་རྒྱུ་དང་། དངོས་གཉེར་མཉམ་ལས་རྣམ་གྲངས་སྔར་བས་མང་པོ་འཚོལ་ཞིབ་བྱས་ནས་སྤེལ་རྒྱུ། ཁྲིམས་འཛིན་དང་ཁྲིམས་ལག་བསྟར་དང་འགོག་སྲུང་ལས་དོན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད། ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་རྩ་བ་དེ་དམངས་ཁྲོད་དུ་ཡོད། ཕྱོགས་གཉིས་པོས་ཐོངས་མཆན་འགོད་ལམ་སྟབས་བདེ་རུ་གཏོང་བ་སོགས་ཐད་བྱེད་ཐབས་སྔར་བས་མང་པོ་སྤྱད་ནས་ཡུལ་སྐོར་དང་། སློབ་གསོ། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆོག ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་ཨོ་སི་ཁྲུ་ལི་ཡའི་ནུས་པར་སྣང་ཆེན་གྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཨེ་ཤེ་ཡ་ཤར་ལྷོའི་དབུ་ཚོགས་སོགས་ལམ་སྲོལ་དང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་སྒྲོམ་གཞིའི་ནང་ཨོ་སི་ཁྲུ་ལི་ཡ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
         ཐེ་ཨན་པུར་གྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2014ལོར་ཨོ་སི་ཁྲུ་ལི་ཡར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་ནས་ཨོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་གནང་བའི་བྱ་བ་དེ་ད་ལྟའང་ཨོ་སི་ཁྲུ་ལི་ཡའི་མི་དམངས་ཀྱིས་དགའ་ཚོར་ཆེན་པོས་བརྗོད་ཀྱི་ཡོད། ཨོ་སི་ཁྲུ་ལི་ཡས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ལ་དེ་ལས་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་མགྱོགས་སུ་འགྲོ་རྒྱུ། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་གསར་གཏོད་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུ་བཅས་ཀྱི་རེ་བ་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ངས་ཀྲུང་གོར་ཡོང་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་ཡི་དབུ་ཚོགས་སུ་ཞུགས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།