མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཕེབས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཕེབས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཞིས་ཅིན་ཕིང་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་དམག་ཨུད་དང་དམག་འཐབ་ཁུལ་གྱི་རིམ་གཉིས་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འཐབ་པ་ཡོངས་ལ་ཟོལ་མེད་འཚམས་འདྲི་གནང་བ་རེད། ཁོང་གིས་ད་དུང་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེན་གཏོད་རྒྱུའི་ཏང་གི་དམིགས་ཚད་སྣེ་འདྲེན་དུ་བྱེད་དགོས་པ་དང་། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་དགོས་པ། དམག་རྒྱག་པ་དང་དམག་འཐབ་ལ་བཀོད་འདོམས་བྱེད་པའི་འགན་ནུས་གཙོ་བོར་དམིགས་སུ་བཀར་ནས་ཞིབ་འཇུག་བྱེད་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་བརྗེ་སྒྱུར། གསར་འབྱེད་གསར་གཏོད། འགག་སྒྲོལ་དཀའ་སེལ་བཅས་བྱེད་དགོས་པ་མ་ཟད། ད་དུང་ལྷག་བསམ་རྣམ་པར་དག་པ་དང་། དམག་ཇུས་འགོད་མཁས་པ། བཀོད་འདོམས་ཀྱི་ཕན་ནུས་ཆེ་བ། དམག་རྒྱག་ཕོད་ལ་རྒྱལ་ཁ་ཐོབ་ངེས་བཅས་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྒྲིག་གཞི་འཛུགས་སྐྲུན་ཧུར་ཐག་དང་ཞི་བདེ་དང་དམག་འཁྲུག་གཞི་གཅིག་དང་། འཆར་ཅན་འཁོར་རྒྱུག བཀོད་འདོམས་གཉེར་སྐྱོང་། མི་ཧྲག་ནུས་ཆེ་བཅས་ཀྱི་འཐབ་ཇུས་གཡུལ་འགྱེད་བཀོད་འདོམས་མ་ལག་འཛུགས་སྐྲུན་བྱས་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེན་གྱི་ཕུགས་འདུན་སྒྲུབ་ཕྱིར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད།
         ཟླ་བ་བཞི་པའི་པེ་ཅིང་དུ་དཔྱིད་ཀྱི་ཉམས་མདངས་རབ་ཏུ་རྒྱས་ཤིང་། སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུ་ཡོལ་ཙམ་ལ་ཞིས་ཅིན་ཕིང་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཐོག་ཁང་དུ་ཕེབས་ནས་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་ཚན་ཁག་སྒྲིག་འཛུགས་མི་སྣ་དང་འབྲེལ་ཡོད་བློ་མཐུན་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ལྷན་ཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
         བཀོད་འདོམས་ལྟེ་གནས་སུ་དམག་རིགས་ཁག་གི་མིག་འཁྲུལ་དམག་ཆས་སྤྲས་པའི་ལས་རེས་མི་སྣས་བཀོད་འདོམས་བྱ་རིམ་གཞིར་བཟུང་ལས་བྲེལ་ཆེ་ཡང་གོ་རིམ་ལྡན་པའི་སྒོ་ནས་ཆ་འཕྲིན་སྣ་ཚོགས་ཐག་གཅོད་བྱེད་བཞིན་ཡོད་པ་རེད། ཞིས་ཅིན་ཕིང་གིས་ལས་སྟེགས་ཁག་གཅིག་གི་གཞོགས་སུ་ཕེབས་ཏེ་ཚན་ཁག་སྒྲིག་འཛུགས་བྱ་ཚུལ་ལ་གཟིགས་ཞིབ་དང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་དེ་གོང་དུས་མཚམས་ཤིག་རིང་སྤེལ་བའི་འབྲེལ་ཡོད་ཕྱོགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག་ལས་རེས་མི་སྣ་ཚོར་ལས་སྟེགས་ནི་དམག་སྟེགས་ཡིན་པའི་འདུ་ཤེས་བརྟན་དུ་བཏང་སྟེ་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་འཕྲལ་འདོམས་ནུས་ལྡན་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱའང་བཏོན་གནང་བ་རེད།
         ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་ཞིས་ཅིན་ཕིང་སྤྱི་ཁྱབ་བཀོད་འདོམས་ལས་སྟེགས་སུ་ཕེབས་ནས་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ་བརྙན་ལམ་བརྒྱུད་དམག་ཁུལ་ལྔ་ཡི་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཀྱང་གནང་བ་རེད། དེ་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་དང་དམག་ཨུད་ཀྱི་འཐབ་ཇུས་བཀོད་འདོམས་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། མིག་སྔར་དམག་འཐབ་བཀོད་འདོམས་ལ་འཐབ་ཇུས་རང་བཞིན་དང་། མཉམ་འབྲེལ་རང་བཞིན། དུས་ནུས་རང་བཞིན། ཆེད་ལས་རང་བཞིན། ཏན་ཏིག་རང་བཞིན་བཅས་ལྡན་དགོས་པའི་རེ་བ་སྔར་བས་ཆེ་རུ་འགྲོ་གི་ཡོད། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཉམས་ཉེན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་བ། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་པ། འཛམ་གླིང་གི་དམག་དོན་གསར་བརྗེ་གསར་པའི་རླབས་རྒྱུན་གྱི་རྗེས་སུ་སྙེགས་པ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་པོར་འཛིན་པ་དང་སྦྲགས་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ནས་ཆ་འཕྲིན་ཅན་གྱི་དམག་འཁྲུག་གི་རྒྱལ་ཁ་ལེན་ཐུབ་པ་དང་འགན་འཁྲི་ལག་བསྟར་ནུས་ལྡན་ཐུབ་པ་བྱ་རྒྱུའི་ལས་འགན་དང་མཐུན་པའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་མ་ལག་ཅིག་ཧུར་བརྩོན་ཆེན་པོས་སྐྲུན་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱིས་ཐམས་ཅད་དམག་འཐབ་བཀོད་འདོམས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་རྩ་བའི་དམིགས་ཡུལ་དང་ཐམས་ཅད་དམག་རྒྱག་ཐུབ་པ་དང་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་རྩ་བའི་ཚད་གཞིར་བཟུང་སྟེ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལ་ཚོད་འཛིན་ཕོག་པའི་འགལ་བ་དང་གནད་དོན་འཕྲལ་འདོམས་ཐུབ་པ་བྱེད་དགོས། མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྒྲིག་སྲོལ་སྒྱུར་བཅོས་དང་མཐུན་པ་བྱེད་པ་དང་གལ་ཆེའི་འབྲེལ་བའི་འཛིང་དུས་ཚོད་དམ་འཛིན་གྱིས་བསངས་ནས་མཉམ་འབྲེལ་དམག་འཐབ་བཀོད་འདོམས་འཁོར་རྒྱུག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འཆར་ཅན་མིན་པའི་བྱེད་ཐབས་སྤྱོད་པ་དང་ཆབས་ཅིག་ཐབས་མང་མཉམ་སྤྱོད་ཀྱིས་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་གང་མགྱོགས་ཚད་བརྒལ་ཆེན་པོ་ཡོང་བ་བྱེད་དགོས། དམག་དོན་དགོས་མཁོའི་འཐེན་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་དུས་ཚོད་དམ་འཛིན་གྱིས་སྔོན་ཐོན་དམག་དོན་ལག་རྩལ་གསར་སྤེལ་བྱས་ནས་བཀོད་འདོམས་བྱེད་སྟངས་ཀྱི་སྔོན་ཐོན་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས་ལ་རང་ཚུགས་ཚོད་འཛིན་ཆུ་ཚད་ཀྱང་མཐོ་རུ་གཏོང་དགོས། ཆ་འཕྲིན་ཅན་གྱི་དམག་འཁྲུག་གི་རྒྱལ་ཁ་ལེན་པའི་རྐྱེན་རྩར་ཞིབ་འཇུག་གཏིང་ཟབ་དང་དེང་རབས་དམག་འཐབ་བཀོད་འདོམས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱས་ནས་རང་དམག་གི་ཁྱད་ཆོས་ལྡན་ལ་དེང་རབས་དམག་འཁྲུག་གི་ཆོས་ཉིད་དང་མཐུན་པའི་སྔོན་ཐོན་དམག་འཐབ་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་གཏོད་དགོས། སྒྱུར་བཅོས་ཀྱི་བླང་བྱ་དང་མཐུན་པར་བྱས་ཏེ་ཚན་རིག་དང་མཐུན་ལ་ལེ་ལག་ཚང་བའི་མཉམ་འབྲེལ་དམག་འཐབ་ཀྱི་ཁྲིམས་སྲོལ་མ་ལག་ཅིག་དུས་ཚོད་དམ་འཛིན་གྱིས་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དམག་ཨུད་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ཀྱིས་འགན་ནུས་ཀྱི་ངེས་གནས་ཁོང་དུ་ཆུད་པ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཚན་ཁག་སྒྲིག་འཛུགས་བྱེད་སྟངས་འཐུས་ཚང་དུ་གཏོང་བ་དང་། གོ་རིམ་ལེགས་སྒྲིག་བྱེད་པ། འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱེད་དགོས་པ་མ་ཟད། ད་དུང་འཁོར་རྒྱུག་བྱེད་སྟངས་ཀྱང་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས། བཀོད་འདོམས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བཀོད་འདོམས་ཀྱི་རྩལ་ནུས་གསོ་སྦྱོང་། བཀོད་འདོམས་ཀྱི་ཐག་གཅོད་ནང་སྦྱོང་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བཀོད་འདོམས་ནུས་པ་དངོས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམག་གྲབས་སྡོད་བྱའི་ལས་དོན་དམ་པོར་འཛིན་པའི་ཐོག་ཐོན་སྲིད་པའི་བདེ་འཇགས་ཀྱི་ཉེན་ཁ་ཞིབ་འཇུག་དང་རྗེས་དཔག་གཏིང་ཟབ་བྱས་ནས་ཐོལ་བྱུང་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་དགོས། དམག་ཨུད་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་བཀོལ་སྤྱོད་བྱས་ཏེ་དམག་འཐབ་ཁུལ་གྱི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ལས་དོན་ལ་སྐུལ་འདེད་བཏང་ནས་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ཀྱི་ནུས་པ་གང་མགྱོགས་ཆགས་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཁྲང་དབན་ཆོན་དང་། ཧྥང་ཧྥུང་ཧུའེ། ཀྲང་དབྱང་། ཀྲའོ་ཁེ་ཧྲི། ཀྲང་ཡིའུ་ཞ། ཝུའུ་ཧྲང་ལི། མ་ཞའོ་ཐན། ཝེ་ཧྥེང་ཧོ་བཅས་བྱེད་སྒོའི་ནང་ཞུགས་པ་རེད།