མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་
ཁང་གི་ཡོན་ཀྲང་ཚོགས་འདུར་རྟེན་འབྲེལ་ཞུ་ཡིག་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་06ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་ཅང་སུའུ་སུའུ་ཀྲོའུ་རུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་ཁང་གི་ཡོན་ཀྲང་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་བཏང་གནང་བ་རེད།
           ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ནང་། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཁག་གི་ཆེས་མཐོའི་ཁྲིམས་ཁང་གི་སྐུ་མགྲོན་ལ་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བྲིས་གནང་ཡོད།
           ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ད་ཐེངས་ཀྱི་ཚོགས་འདུས“གོ་ལ་ཡོངས་ཆ་འཕྲིན་ཅན་དུས་རབས་ཀྱི་ཁྲིམས་འཛིན”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས། ཁྲིམས་འཛིན་སྒྱུར་བཅོས་དང་ཁྲིམས་འཛིན་ཡོངས་བསྒྲགས་སོགས་གནད་དོན་ལ་དམིགས་ཏེ་བགྲོ་གླེང་བྱ་རྒྱུ་ཡིན་པ་དེས་རྒྱལ་སྤྱིའི་ཁྲིམས་འཛིན་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་ཐེབས་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཀྱི་མཉམ་ལས་(16+1གི་མཉམ་ལས)གཏིང་ཟབ་ཏུ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
          ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་འབྲེལ་བ་དེ་བས་དམ་དུ་ཕྱིན་ནས། ཚོང་ཟོག་དང་མི་སྣ་འགྲོ་འོང་དེ་བས་མང་དུ་ཕྱིན་པ་དེས་ཁྲིམས་འཛིན་མཉམ་ལས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རེ་བར་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་དེ་གོ་སྐབས་སུ་བྱས་ནས“16+1གི་མཉམ་ལས”སྒྲོམ་གཞིའི་ནང་ཁྲིམས་འཛིན་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤེལ་རེས་དང་ཕན་ཚུན་མིག་དཔེ་སྟོན་རེས་ལ་ཤུགས་སྣོན་རྒྱག་པ། ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་གཅོག་པ། དེ་བས་ཕན་ནུས་ལྡན་པའི་སྒོ་ནས་ཁྲིམས་འགལ་ལ་རྡུང་རྡེག་དང་འགལ་བ་སེལ་བ་བཅས་བྱས་ཏེ་ཐུན་མོང་ཐོག་ཚད་ལྡན་དང་གོ་རིམ་ལྡན་པའི་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་ནས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཕྱིར། ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་མཁོ་འདོན་ནུས་ལྡན་བྱེད་དགོས།