མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཧོ་ནན་དུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་26ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཧོ་ནན་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་སྲིད་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་བབ་གསར་པའི་འོག་གི་མི་རིགས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཏན་ཏིག་ཡོང་བ་བཅས་ཀྱི་ཐོག་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་མི་སེམས་གཅིག་ཏུ་འགྲིལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཚེས་22ནས་24ཉིན་བར་ཡུས་ཀྲེང་ཧྲེང་སྔ་རྗེས་སུ་ནན་དབྱང་དང་ཀྲེང་ཀྲོའུ་སོགས་ས་ཆར་ཕེབས་ནས་ཁྲོམ་ར་དང་། སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཐེངས་མང་གནང་བའི་ཁར་གཞི་རིམ་གྱི་ཆོས་ལུགས་དང་མི་རིགས་ལས་དོན་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། རྟོག་ཞིབ་གནང་བའི་བརྒྱུད་རིམ་ནང་ཡུས་ཀྲེང་ཧྲེང་གིས་ད་དུང་ཧོ་ནན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་པ་རེད།
         ཡུས་ཀྲེང་ཧྲེང་གིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ནང་སར་ལས་མི་དང་ཚོང་གཉེར་བྱེད་པ་དང་། སློབ་ཞུགས་ལས་ཞུགས་ཀྱི་གནས་ཚུལ་ཐད་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་ཅིང་། ཁོང་ནན་དབྱང་གྲོང་ཁྱེར་ཀྲེན་ཕིང་རྫོང་རྡོ་སྐུ་དགོན་གྲོང་རྡལ་གནམ་འོག་ཡུས་ཡོན་ཁྲོམ་རར་ཕེབས་ནས་ཤིན་ཅང་དང་འབྲེལ་བ་ཡོད་པའི་ཞབས་ཞུ་དོ་དམ་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཀྲེང་ཀྲོའུ་གྲོང་ཁྱེར་སློབ་འབྲིང་བདུན་པར་ཁོང་གིས་དགེ་སློབ་དང་ལས་བཟོ་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་གྲངས་ཉུང་མི་རིགས་ཀྱི་ནང་སའི་མཐོ་རིམ་འཛིན་གྲྭའི་སློབ་གཉེར་གཞི་ཁྱོན་དང་། མ་དངུལ་གཏོང་ཚུལ། དགེ་རྒན་གྱི་དཔུང་ཁག་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཆེད་ཚན་སློབ་གྲྭ་ཆེ་མོ་དང་འབྲིང་རིམ་སློབ་གྲྭའི་འགན་འཁུར་བློ་མཐུན་གྱི་བཞུགས་མོལ་ཚོགས་འདུ་དང་། མཐོ་སློབ་སློབ་ཐོན་སློབ་མའི་འཐུས་མིའི་བཞུགས་མོལ་ཚོགས་འདུ། གྲ་སྒྲིག་འཛིན་གྲྭའི་སློབ་མའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་ཐོག་ཁོང་གིས་ཐེམ་ཁོངས་ཤིན་ཅང་དུ་ཡོད་པའི་ནང་སའི་སློབ་མའི་སློབ་གསོ་གསོ་སྐྱོང་ལས་དོན་སྐོར་གྱི་བསམ་འཆར་དང་གྲོས་འགོ་གཟབ་ནན་ངང་གསན་ཞིང་། ཡུས་ཀྲེང་ཧྲེང་གིས་མི་རིགས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་ཡོང་རྒྱུ་དང་འབྲེལ་བ་ཡོད། དེར་བརྟེན་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་པ་ལྔའི”བསམ་བློར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་མི་རིགས་ཁག་དབར་ཕན་ཚུན་བརྩེ་སེམས་འཆང་བ་དང་ལྟ་རེས་སྐྱོང་རེས་ཐུབ་པ་ཞིག་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་ཞབས་ཞུ་དོ་དམ་གྱི་ལས་དོན་ཏན་ཏིག་དང་ལེགས་པར་བསྒྲུབས་ནས་ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ནང་སར་དེ་བས་ལེགས་པའི་ངང་མཉམ་འདྲེས་ཐུབ་པ་བྱེད་དགོས། ནང་སའི་གྲངས་ཉུང་མི་རིགས་ཀྱི་སློབ་མའི་སློབ་གསོ་གསོ་སྐྱོང་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས་སློབ་གཉེར་སྤུས་ཚད་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ་དང་། ཁོང་ཚོ་ལས་ཞུགས་ཐུབ་རྒྱུར་མཛུབ་ཁྲིད་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཁོང་ཚོ་མི་སྒེར་གྱི་མདུན་ལམ་དེ་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཟུང་འབྲེལ་དམ་ཟབ་ཐུབ་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཇི་ལྟར་བྱས་ནས་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་ཐད་ཡུས་ཀྲེང་ཧྲེང་གིས་དོ་ཁུར་ཆེན་པོ་གནང་གི་ཡོད་ཅིང་། ཁོང་ཀྲེང་ཀྲོའུ་ནུབ་ཁྲོམ་གྱི་དབྱི་སི་ལམ་གྱི་ཆོས་ཁང་དང་ཧུའེ་ཅེ་ཆུས་གནམ་བདག་ཆོས་ཁང་དུ་ཕེབས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་དང་མཉམ་དུ་མཛའ་བརྩེའི་གླེང་མོལ་གནང་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཚུལ་དང་ཆོས་ལུགས་ཚོགས་པ་འཛུགས་སྐྱོང་བྱེད་ཚུལ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ད་དུང་ཁོང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ཏང་སྲིད་ལས་བྱེད་པ་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད། ཡུས་ཀྲེང་ཧྲེང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ཁྲོད་ཆོས་ལུགས་ལས་དོན་ལ་དམིགས་བསལ་གྱི་གལ་འགངས་རང་བཞིན་ལྡན་ཡོད་པས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་བཀག་སྡོམ། སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་ཆོས་ལུགས་ཁྱབ་ཁོངས་ཐད་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ཞིབ་འཇུག་གཏིང་ཟབ་དང་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་དུས་བབ་གསར་པའི་འོག་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་དགོས། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་བཅའ་ཁྲིམས་ལ་བརྟེན་ནས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་ལེགས་སྒྲིག་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཀྱི་འབྲེལ་བ་གསལ་ཤེས་དང་ཐག་གཅོད་ཡང་དག་ཐུབ་རྒྱུར་སློབ་གསོ་སྣེ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་བའི་ཁོང་ཚོའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས། ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཆོས་ལུགས་ཚོགས་པའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།