མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ལས་རིགས་ཐོབ་ཐང་ཆོག་འཐུས་དང་གཏན་འཁེལ་གྱི་དོན་ཚན་
ཁག་གཅིག་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མིང་རྟགས་བཀོད་ནས་ཆོག་མཆན་གནང་བ་བརྒྱུད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ལས་རིགས་ཐོབ་ཐང་ཆོག་འཐུས་དང་གཏན་འཁེལ་གྱི་དོན་ཚན་ཁག་གཅིག་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་》(གཤམ་ལ་《གཏན་འབེབས་》ཞེས་བསྡུ་རྒྱུ)བཀྲམ་སྟེ་ལས་རིགས་ཐོབ་ཐང་ཆོག་འཐུས་དང་གཏན་འཁེལ་གྱི་དོན་ཚན་114མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
           ད་རེས་མེད་པར་བཟོས་པའི་ལས་རིགས་ཐོབ་ཐང་ཆོག་འཐུས་དང་གཏན་འཁེལ་གྱི་དོན་ཚན་ནང་། ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་7ཡོད་པའི་ནང་ཆོག་འཐུས་རིགས་ཀྱི་དོན་ཚན་3དང་ཆུ་ཚད་གདེང་འཇོག་རིགས་ཀྱི་དོན་ཚན་4ཡོད་པ་དེ་དག་གཞུང་ལམ་ཆུ་ཐོག་སྐྱེལ་འདྲེན་ལས་གྲྭ་ལྟ་འདོམས་དང་། ཐོག་འགོག དོ་དམ་བློ་འདྲི་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད། རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་གི་དོན་ཚན་107ཚང་མ་ཆུ་ཚད་གདེང་འཇོག་རིགས་ཡིན་པ་དེ་དག་འཕྲུལ་ཆས་སྒྲིག་བཀོད་དང་། བཟའ་བཅའ་ལས་སྣོན། ཞིང་ལས། རིག་གནས། ཡང་བའི་བཟོ་ལས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།
           རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་གནས་ཁག་དང་སྡེ་ཚན་ཁག་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ལྷག་དོན་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་སྤྱི་ཡོངས་ནས་འགོ་བཙུགས་ཏེ་འགན་ནུས་གཞན་སྒྱུར་དང་། འདུ་ཤེས་གཞན་སྒྱུར། ངོས་འཛིན་མཐོར་གཏོང་བཅས་སྔར་བས་བྱེད་པ་དང་། ལས་རིགས་ཐོབ་ཐང་ཆོག་འཐུས་དང་གཏན་འཁེལ་གྱི་དོན་ཚན་མེད་པར་བཟོ་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་ཁུར་པོ་དང་ལམ་ལུགས་ཀྱི་མ་གནས་ཟམ་མི་ཆད་པར་ཆུང་དུ་གཏོང་བ། ཁྲོམ་ར་དང་སྤྱི་ཚོགས་ཀྱི་གསོན་ཤུགས་མུ་མཐུད་འཕེལ་བ་བཅས་བྱས་ཏེ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་དགོས། མེད་པར་བཟོས་ཟིན་པའི་ལས་རིགས་ཐོབ་ཐང་ཆོག་འཐུས་དང་གཏན་འཁེལ་གྱི་དོན་ཚན་ལ་ཆ་མཚོན་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྗེས་སྙེག་ལྟ་བཤེར་ལ་ཤུགས་སྣོན་རྒྱག་པའི་ཁར་དུས་ཐོག་ཏུ“ཕྱིར་ལྟ”བྱས་ཏེ། གཙང་བཤེར་གནད་ལ་འཁེལ་བ་དང་བསྐྱར་ཐོན་སྔོན་འགོག་བྱེད་དགོས། རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་དཀར་ཆག་གསལ་ཐོ་དོ་དམ་ལམ་ལུགས་དུས་ཚོད་དམ་འཛིན་གྱིས་ཁྱབ་བསྒྲགས་དང་ལག་བསྟར་བྱེད་དགོས་པ་དང་གསལ་ཐོའི་ནང་མ་ཚུད་པའི་རིགས་ལ་ཆོག་འཐུས་དང་གཏན་འཁེལ་ལས་རིགས་ཀྱི་ཐོབ་ཐང་སྤྲོད་མི་ཆོག གསལ་ཐོའི་ནང་ཚུད་རིགས་ཆོག་འཐུས་རིགས་ཀྱི་ལས་རིགས་ཐོབ་ཐང་ཕུད། ཚང་མ་ལས་ཞུགས་ལས་གཏོད་དང་སྦྲེལ་མཐུད་བྱ་མི་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད།

  
2016-12-01 2016-11-30