མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་དབན་ལི་འཁྲུངས་ནས་ལོ་100འཁོར་བར་དྲན་
གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་དབན་ལི་འཁྲུངས་ནས་ལོ་100འཁོར་བར་དྲན་
གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བློ་མཐུན་དབན་ལི་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་མིག་སྔར་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད་པ་དང་། གསར་བརྗེ་པ་རྒན་གྲས་ཚོས་དེའི་ཆེད་དུ་འབད་བརྩོན་གནང་བའི་རླབས་ཆེན་བྱ་གཞག་དང་མཛེས་སྡུག་ལྡན་པའི་ཕུགས་བསམ་རིམ་བཞིན་མངོན་འགྱུར་ཡོང་དང་ཡོང་བཞིན་ཡོད། ང་ཚོས་སྔོན་བྱོན་པ་ཚོའི་སྙིང་སྟོབས་དང་བླ་ན་མེད་པའི་ཉམས་འགྱུར་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་དུ་བསྐྱོད་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས། རང་རེའི་ཏང་གིས་བསྐྱོད་པའི་ལོ་95ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུའི་ཁྲོད་ཕུལ་བྱུང་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་ཐོན་པ་དང་བློ་མཐུན་དབན་ལི་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་མཚོན་བྱེད་ཅིག་རེད། ཁོང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེ་དང་། འཐབ་འཛིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་རེད་ལ། བདེན་དོན་དོན་གཉེར་དང་། ཡར་རྒྱས་དོན་གཉེར། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་འབད་བརྩོན་གནང་བ་བཅས་ཀྱི་སྐུ་ཚེ་ཧྲིལ་པོ་ཞིག་ཀྱང་རེད། ཁོང་གིས་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་བཞག་པའི་བྱས་རྗེས་དག་ང་ཚོས་སེམས་ལ་རི་མོ་བརྐོས་པ་ལྟར་ངེས་དགོས་པ་ཞིག་རེད་ལ། ཁོང་གི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་ཉམས་གྱུར་ལ་ང་ཚོས་སློབ་སྦྱོང་ཡང་བྱེད་དགོས་པ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས། ང་ཚོས་བློ་མཐུན་དབན་ལིར་དྲན་གསོ་ཞུ་སྐབས་ཕུགས་བསམ་བརྟན་པོ་དང་དད་སེམས་བརྟན་སྲུང་གནང་བའི་ཁོང་གི་བླ་ན་མེད་པའི་སྙིང་སྟོབས་སློབ་སྦྱོང་བྱེད་དགོས། ང་ཚོས་ཕུགས་བསམ་དོན་གཉེར་བྱེད་པའི་ཐད་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། བདེན་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཕུགས་བསམ་སྣེ་ཁྲིད་བྱེད་པ། དད་མོས་བརྟན་དུ་གཏོང་བ་བཅས་ཀྱི་ཐོག་ནས་བླ་ན་མེད་པའི་ཕུགས་བསམ་ཆེད་འབད་འཐབ་བྱེད་པའི་རླབས་ཆེན་གྱི་ལག་ལེན་དེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས། ང་ཚོས་བློ་མཐུན་དབན་ལིར་དྲན་གསོ་ཞུ་སྐབས་ཏང་ལ་ལྷག་བསམ་ཟོལ་མེད་དང་བདེན་དོན་མཐའ་འཁྱོངས་གནང་བའི་ཁོང་གི་སྲ་ཞིང་བརྟན་པའི་ཏང་གཤིས་ལ་སློབ་སྦྱོང་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་མིའི་སྲ་ཞིང་བརྟན་པའི་ཏང་གཤིས་ནི་རང་རེའི་ཏང་གིས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་དང་སྲིད་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་ཏང་གི་འགོ་ཁྲིད་རང་རྟོགས་ངང་མཐའ་འཁྱོངས་དང་སྲུང་སྐྱོང་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བའི་ཁར་ཏང་དང་མི་དམངས་ཀྱི་ལངས་ཕྱོགས་ཐོག་རང་རྟོགས་ངང་ལངས་ནས་ཏང་ལ་ལྷག་བསམ་ཟོལ་མེད་དང་། ཏང་གི་སེམས་ཁྲལ་མཉམ་ཁུར། ཏང་གི་འགན་འཁྲི་ཁུར་བ། ཏང་གི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་ཐུབ་པ་བྱས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས། ང་ཚོས་བློ་མཐུན་དབན་ལིར་དྲན་གསོ་ཞུ་་སྐབས་དངོས་ཐོག་བདེན་འཚོལ་དང་འཚོལ་ཞིབ་བྱེད་ཕོད་པའི་ཁོང་གི་གསར་གཏོད་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས། ལག་ལེན་འཕེལ་རྒྱས་གཏོང་རྒྱུ་ནི་ནམ་ཡང་རྫོགས་མཐའ་མེད་པ་ཞིག་རེད་ལ། བདེན་དོན་ལ་ངོས་འཛིན་བྱེད་རྒྱུ་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་རྒྱུ་ཡང་ནམ་ཡང་རྫོགས་མཐའ་མེད་པ་ཞིག་རེད། ང་ཚོས་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་དེང་རབས་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་ཧུར་ཐག་གཏོད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས། ང་ཚོས་བློ་མཐུན་དབན་ལིར་དྲན་གསོ་ཞུ་སྐབས་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་ཁོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ལུགས་ལ་སློབ་སྦྱོང་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་དང་རང་རེའི་ཏང་གི་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་རིང་གི་མངོན་གསལ་དོད་ཤོས་ཀྱི་དར་ཆ་ཞིག་རེད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ང་ཚོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བྱེད་ཕོད་པ་བྱེད་པ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་རབ་དང་རིམ་པ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་ངོས་འཐུས་སྒོ་ཚང་དུ་གཏོང་བ་དང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས། ང་ཚོས་བློ་མཐུན་དབན་ལིར་དྲན་གསོ་ཞུ་སྐབས་མི་དམངས་ལ་བརྩི་བཀུར་དང་། མི་དམངས་ལ་བརྟེན་པའི་ཁོང་གི་མི་དམངས་ཀྱི་ལངས་ཕྱོགས་ལ་སློབ་སྦྱོང་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་ནི་རང་རེའི་ཏང་གི་གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་ནི་རང་རེའི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཤིག་རེད། ང་ཚོས་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པ་དང་། རྒྱ་ཆེའི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བྱ་རྒྱུའི་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་གཞག་དེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས། ང་ཚོས་བློ་མཐུན་དབན་ལིར་དྲན་གསོ་ཞུ་སྐབས་རང་གཅུན་ནན་པོ་དང་སྲིད་བརྩོན་སྲིད་གཙང་བྱེད་པའི་ཁོང་གི་སྤྱོད་ཚུལ་ཡག་པོར་སློབ་སྦྱོང་བྱེད་དགོས། ཏང་གི་སྤྱོད་ཚུལ་ཡག་པོ་ཡོད་ན་མི་དམངས་བློ་སེམས་བདེ་བ་དང་། ཏང་དང་མི་དམངས་བདེ་སྡུག་མཉམ་མྱོང་ཡོང་ཐུབ། ང་ཚོས་ནན་པོ་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཤུགས་སྣོན་རྒྱག་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་ཡག་པོ་མཐའ་འཁྱོངས་དང་དར་སྤེལ་གཏོང་བ། རུལ་བསླད་ཀྱི་དྲི་མས་ནམ་ཡང་མི་འགོས་པའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་རྟགས་ནམ་ཡང་བརྟན་སྲུང་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་དགོས་ཞེས་ནན་བཤད་གནང་བ་རེད།

  
2016-12-01 2016-11-30