མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་
གནང་ནས་“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་
ཟབ་མོ་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་དུས་
རབས་གསར་པར་ཧུར་ཐག་སྐྱོད་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་05ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲང་ཀའོ་ལི་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། 
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་ནང་དོན་གལ་ཆེན་ཞིག་རེད། དེར་བརྟེན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ནན་ཏན་བསྟར་ནས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཟབ་མོ་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་དུས་རབས་གསར་པར་ཧུར་ཐག་སྐྱོད་དགོས་པའི་ནན་བཤད་གནང་བ་རེད། 
         ཞིས་ཅིན་ཕིང་གིས་སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི“གདུང་བཞི་ཀ་བརྒྱད”བསྐྲུན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་སྲོལ་ནང་འཇུག་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་གྱིས་ལྗང་མདོག་དང་། འཁོར་རྒྱུག ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པ་བྱེད་དགོས། ཁོར་ཡུག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་ཐད་ཀྱི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ནུས་ལྡན་བྱས་ཏེ་མི་དམངས་མང་ཚོགས་ཚོས་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་ལུགས་རྒྱུན་ཆད་མེད་པར་མྱོང་ཚོར་ཐུབ་པ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ལས་དོན་ཏན་ཏིག་སྤེལ་བ་དང་། མཉམ་ཤུགས་འགག་སྒྲོལ་བྱེད་པ། རྒྱུན་སྲིང་ལྷོད་མེད་བྱེད་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱ་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་ཡིན། ཉེ་ལམ་ལོ་ཤས་རིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བྱ་ཐབས་ནུས་ལྡན་སྤྱད་ནས་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལས་དོན་འབོར་ཆེན་བསྒྲུབས་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་བཏང་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་རྒྱུ་གཙོ་རྐང་དུ་འཛིན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྲིག་བྱས་ནས་སྣོད་བཅུད་ཁོར་ཡུག་མཐུན་འཕྲོད་རྣམ་པའི་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་འཕེལ་རྒྱས་ཧུར་ཐག་བཏང་སྟེ་རྗེས་ལུས་ཀྱི་ཐོན་ནུས་མཐའ་གཅིག་ཏུ་མེད་པ་བཟོ་དགོས། སྒྱུར་བཅོས་གཏིང་ཟབ་བྱེད་པ་བརྒྱུད་སྐུལ་ལྕག་ཚོད་འཛིན་གྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕུགས་འཕེར་ལམ་སྲོལ་འཛུགས་དགོས། ཁྲིམས་བཞིན་ལྟ་ཞིབ་དང་འགན་འཁྲི་བདའ་འདེད་ནུས་ལྡན་བཏང་ནས་ཁོར་ཡུག་གི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་དགོས། སྦགས་བཙོག་བཅོས་སྒྲིག་ལ་སྐུལ་འདེད་ནུས་ལྡན་བཏང་ནས་རླུང་ཁམས་ཆེན་པོ་དང་། ཆུ་བོ། ས་རྒྱུ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་སྦགས་བཙོག་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་བརྩོན་ལ་བརྟེན་ནས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དེང་རབས་ཅན་གྱི་ཀྲུང་གོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་མཛུབ་སྟོན་གནང་བ་རེད། 
         རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཚེས་2ཉིན་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་གསུང་བཤད་གནང་ནས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་སྔར་བས་བཀོད་སྒྲིག་གནང་ཞིང་། ཁོང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འཕེལ་རྒྱས་གལ་ཆེན་དང་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། འོན་ཀྱང་སྤྱིའི་ཆ་ནས་བལྟས་ཚེ་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་སྔར་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་སུ་ལུས་པ་དང་སྣོད་བཅུད་ཁོར་ཡུག་ཞན་དུ་འགྲོ་ཚུལ་ལ་སྔར་བཞིན་གཞི་རྩའི་ཆ་ནས་འགྱུར་ལྡོག་བྱུང་མེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ནན་ཏན་བསྟར་ནས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་དུས་རབས་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།
         ཀྲང་ཀའོ་ལིས་བྱེད་པོའི་ནུས་པའི་ངེས་གནས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་བྱེད་སྟངས་ལེགས་སུ་མགྱོགས་མྱུར་བཏང་ནས་ལྗང་མདོག་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་གྱིས་ལྗང་མདོག་དང་འཁོར་རྒྱུག ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་སྐྲུན་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་སྣོད་བཅུད་ཁོར་ཡུག་ཐད་ཀྱི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ནུས་ལྡན་བྱས་ཏེ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ལ་བརྟེན་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། སྔོན་ལ་གྲོན་ཆུང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་བེད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་ནས་ཐོན་ཁུངས་གྲོན་ཆུང་དང་། འཁོར་རྒྱུག ཕན་ཆེ་བཅས་ཀྱི་སྒོ་ནས་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་སྲོལ་ནང་འཇུག་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

  
2016-12-01 2016-11-30