མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་01ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། 2017ལོའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གྲུབ་འབྲས་དཔྱད་ཞིབ་གནས་ཚུལ་གྱི་སྙན་སེང་གསན་པ།
         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
         ཟླ་3ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་2017ལོའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གྲུབ་འབྲས་དཔྱད་ཞིབ་གནས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་ཐད་བླང་བྱ་བཏོན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འཆར་གཞི་ཆེ་མོར་སྐུལ་འདེད་ཏན་ཏིག་བཏང་བ། ཕྱོགས་ཁག་མཉམ་འགུལ་དང་སྤྱི་ཚོགས་ཞུགས་པའི་དབུལ་སྐྱོར་ཆེན་པོའི་རྣམ་པ་སྤྱིར་ན་ཆགས་པ་བཅས་བྱུང་ནས་རང་རྒྱལ་གྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་ཡོད། 2017ལོར་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་ནས་ས་གནས་ཁག་དང་སྡེ་ཚན་ཁག་གི་འགན་འཁྲི་སྔར་བས་ནན་དུ་ཕྱིན་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྤྱིར་ན་ཆགས་པ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཏན་ཏིག་ཐུབ་པ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཕྱོགས་ཡོངས་ནས་མྱུར་དུ་ཕྱིན་པ། ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལ་སྐུལ་འདེད་བརྟན་པོ་ཐེབས་པ། ལས་ཀའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་རེད། གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མང་ཚོགས་དབུལ་པོའི་རེ་འདོད་བསྒྲུབ་རྒྱུ་དེས་རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མཚོན་ཡོད། འབྱུང་འགྱུར་ལོ་གསུམ་ནང་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོའི་གནད་དོན་ཐག་གཅོད་བྱས་ནས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་མི་འབོར་དབུལ་པོ་དང་རྒྱལ་ཡོངས་མི་དམངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་པ་བྱ་རྒྱུ་དེ་ང་ཚོས་ངེས་པར་དུ་བསྒྲུབ་དགོས་པའི་ལས་འགན་གལ་ཆེན་ཞིག་རེད། མིག་སྔར་དབུལ་སྒྲོལ་འགག་སྒྲོལ་ཐད་འཕྲད་པའི་ལས་འགན་དང་འགྲན་སློང་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་ལ་གནས་པའི་གནད་དོན་མངོན་གསལ་དོད་པོའང་སྔར་བཞིན་མི་ཉུང་བ་ཞིག་ཡོད། ས་ཁུལ་ཁག་གཅིག་གི་དབུལ་པོའི་གཏིང་མཐུག་དང་། རྨང་གཞིའི་ཆ་རྐྱེན་ཞན་པ། སྤྱི་པའི་ཞབས་ཞུ་མི་འདང་བ་བཅས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་དབུལ་སྒྲོལ་ཡོང་བའི་ཐད་དཀའ་གནད་ཆེན་པོ་ཡོད། ས་ཁུལ་ཁག་གཅིག་གི་གནད་སྨིན་གྱི་རྨང་གཞི་བརྟན་པོ་མེད་པ་དང་། སྲིད་ཇུས་ཀྱི་བྱ་ཐབས་དོན་འཁྱོལ་མ་བྱུང་བ། དམིགས་སར་མ་འབྱོར་བ། གནད་སྨིན་མ་བྱུང་བ། མ་དངུལ་བེད་སྤྱོད་དང་དོ་དམ་ཚད་ལྡན་མེད་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། མི་བདེན་རྫུན་སྒྲིག་བཅས་ཀྱི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད། དེས་ན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་པར་སྔར་བཞིན་འབད་འཐབ་ཧུར་ཐག་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དཔྱད་ཞིབ་ཚོད་སྐོར་གྱི་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་ལེན་གལ་ཆེན་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་དམིགས་ཚད་མངོན་འགྱུར་དུས་ཚོད་ཇི་ཙམ་གྱིས་ཉེ་བ་ཡོད་ཚེ་ལས་འགན་དེ་ཙམ་གྱིས་ལྕི་བ་ཡོད་པས་དཔྱད་ཞིབ་ཚོད་སྐོར་ལམ་ལུགས་དེ་བས་ལག་བསྟར་ནན་པོ་བྱེད་དགོས། དཔྱད་ཞིབ་བྱས་འབྲས་ཡག་པོ་སྤྱད་དེ་ལེགས་པའི་རིགས་ལ་གཟེངས་བསྟོད་བྱ་དགའ་སྤྲོད་པ་དང་། ཞན་པའི་རིགས་ལ་སྐོང་འདྲི་དག་ཐེར་བྱེད་པ། སྒྲིག་འགལ་སྲོལ་འགལ་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རྒྱས་དང་དཔྱད་ཞིབ་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དཔྱད་ཞིབ་ཚོད་སྐོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནན་ལ་ཟབ་པའི་དཔྱད་ཞིབ་བྱེད་པ། དངོས་འཛིན་དངོས་སྒྲུབ་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་ལས་དོན་དོན་གཉེར་ཐུབ་པའི་འགན་ལེན་བྱེད་པ། དབུལ་སྒྲོལ་བརྒྱུད་རིམ་བརྟན་པོ་ཡོང་བ། དབུལ་སྒྲོལ་གྱི་འབྲས་བུ་ངོ་མ་ཐོབ་པ་བཅས་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་ལ་མང་ཚོགས་ཀྱི་ཁས་ལེན་དངོས་འབྲེལ་ཐོབ་པ་དང་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་པ་བྱེད་དགོས།
         ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་རྒྱག་པ། དམིགས་ཚད་དང་ཚད་གཞི་མཐའ་འཁྱོངས་བྱེད་པ། གནད་སྨིན་ཇུས་འདོན་མཐའ་འཁྱོངས་བྱེད་པ། དབུལ་སྐྱོར་ལས་བྱེད་པ་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དབུལ་སྐྱོར་ཁྱབ་ཁོངས་སུ་རུལ་སུངས་ཀྱི་སྤྱོད་ཚུལ་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ་2020ལོར་སླེབས་སྐབས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་པོའི་དམིགས་ཚད་ཐག་གཅོད་བདེ་བླག་ཡོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         ད་དུང་ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།