མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཁབ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་མཁན་ཤང་
ཀང་དང་ཨའོ་མོན་ལས་རིགས་ཁག་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཁབ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་མཁན་ཤང་
ཀང་དང་ཨའོ་མོན་ལས་རིགས་ཁག་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བ།

      ཟླ་11ཚེས་12ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་མཁན་ཤང་ཀང་དང་ཨའོ་མོན་གྱི་ལས་རིགས་ཁག་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་བ།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་མཁན་ཤང་ཀང་དང་ཨའོ་མོན་ལས་རིགས་ཁག་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་ཞིང་། ཞི་ཅིན་ཕིང་གིས་དུས་རབས་གསར་པར་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་ཤང་ཀང་དང་ཨའོ་མོན་ལ་སྔར་བཞིན་དམིགས་བསལ་གྱི་གནས་བབ་དང་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད་ལ། སྔར་བཞིན་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་ཆོག སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་ཚོས་མུ་མཐུད་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་སྤྲོ་སེམས་དང་གཞན་གྱི་སྔོན་དུ་བྱེད་ཕོད་པའི་སྙིང་སྟོབས་ཐོག་ནས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ནང་ཞུགས་ཏེ་བབ་བསྟུན་ལས་སྒྲུབ་དང་དུས་བསྟུན་མདུན་སྐྱོད་ཀྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཞུགས་ནས་ཤང་ཀང་དང་ཨའོ་མོན་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱས་ཏེ་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དུས་རབས་ཀྱི་ལེའུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
      མཇལ་འཕྲད་གནང་སྐབས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེན་གཡོད་ཨེ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་དེ་བཞིན་འཚམས་འདྲི་ཚོགས་པའི་ཁོངས་མི་ཁག་གཅིག་གིས་སྔ་རྗེས་སུ་གཏམ་བཤད་གནང་ནས་སྒྱུར་བཅོས་སྒོ་དབྱེའི་འགྲོ་ལམ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་མོས་སེམས་ཆེན་པོའི་རྣམ་འགྱུར་བསྟན་ཞིང་། ཁོང་ཚོས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་མེད་ན་ཤང་ཀང་དང་ཨའོ་མོན་གྱི་ད་ཆའི་འཕེལ་རྒྱས་ཀྱི་རྣམ་པ་མེད་ཅེས་གསུངས་པ་རེད། ཁོང་ཚོས་ད་དུང་རང་ཉིད་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་འཛུགས་སྐྲུན་བྱ་གཞག་ཁག་ནང་ཞུགས་པའི་ལོ་རྒྱུས་དྲན་གསོ་གནང་བ་མ་ཟད། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།
      ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འདི་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། དུས་འདིར་ང་ཚོས་ཤང་ཀང་དང་ཨའོ་མོན་གྱི་ལས་རིགས་ཁག་གི་འཐུས་མི་ཚོགས་པ་ནང་སར་ལྟ་སྐོར་དང་འཚམས་འདྲི་བྱེད་པར་གདན་འདྲེན་ཞུས་པ་དང་སྦྲགས་དེ་རིང་གི་ཐུག་འཕྲད་དང་བཞུགས་མོལ་སྤེལ་རེས་བཀོད་སྒྲིག་བྱས་པ་དེ་ཐོག་ནས་ཀྲུང་དབྱང་གིས་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་བཏོན་པའི་ནུས་པ་དང་ཕུལ་བའི་ལེགས་སྐྱེས་ལ་གདེང་འཇོག་གང་ལེགས་བྱེད་པ་མཚོན་ཡོད། ཚང་མས་བསམ་འཆར་ཡག་པོ་གསུངས་སོང་། དེ་ཐོག་ནས་ཚང་མའི་ལྷག་བསམ་རྣམ་དག་གི་བསམ་པ་དང་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་ཚོར་ཐུབ་ཀྱི་འདུག་ལ། ཚང་མས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེར་མོས་སེམས་ཆེན་པོ་གནང་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལ་མོས་སེམས་ཆེན་པོ་གནང་བ། ཤང་ཀང་དང་ཨའོ་མོན་གྱིས་མེས་རྒྱལ་དང་བདེ་སྡུག་མཉམ་མྱོང་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་འབྲེལ་བར་མོས་སེམས་ཆེན་པོ་གནང་བ་བཅས་ཀྱང་ཚོར་ཐུབ་ཀྱི་འདུག མ་ཟད་ཚང་མས་མེས་རྒྱལ་དང་ཤང་ཀང་དང་ཨའོ་མོན་བཅས་ཀྱི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པ་ཡང་ཚོར་ཐུབ་ཀྱི་འདུག ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་འདུག ང་ཚོས་ཞིབ་འཇུག་ནན་ཏན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་ཕྱོགས་སྡོམ་བྱས་ཏེ་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་ནང་ཤང་ཀང་དང་ཨའོ་མོན་གྱི་གནས་བབ་ནི་ཧ་ཅང་དམིགས་བསལ་ཡིན་པ་དང་སྤུན་ཟླ་ཤང་ཀང་བ་དང་སྤུན་ཟླ་ཨའོ་མོན་བས་ཕུལ་བའི་ལེགས་སྐྱེས་ནི་གལ་ཆེན་ཞིག་ཡིན་པ་མ་ཟད། བཏོན་པའི་ནུས་པ་ཡང་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། དེ་རིང་འདིར་བཞུགས་ལྷན་རྒྱས་ཀྱི་ནང་ནས་མང་ཆེ་བ་ནི་སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་སྐབས་སུ་ནང་སར་མ་འཇོག་ལས་དར་དང་མ་དངུལ་ཞལ་འདེབས་བརྒྱབ་ནས་སློབ་སྐྱོར་བྱེད་པ་སོགས་ཀྱི་སྤྱི་ཚོགས་སྤྱི་ཕན་བྱེད་སྒོའི་ནང་ཞུགས་ཡོད་ཅེས་གསུངས་ཤིང་། ཁོང་གིས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། དེའི་ནང་ཞུགས་མཁན་བཅས་ཀྱི་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
      ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་བཅས་ཀྱིས་བཏོན་པའི་ནུས་པ་གཙོ་བོ་དང་མ་འཇོག་ལས་དར་ཚུད་པའི་སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་དཔེ་སྟོན་ནུས་པ། སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྐུལ་འདེད་ནུས་པ། ཕྱོགས་གཉིས་སྒོ་འབྱེད་ཀྱི་འབྲེལ་ཟམ་ནུས་པ། སྔོན་སྐྱོད་དང་སྔོན་ལ་ཚོད་ལྟ་བྱེད་པའི་ནུས་པ་དང་གྲོང་ཁྱེར་དོ་དམ་གྱི་དཔེ་ལྟའི་ནུས་པ་བཅས་ལ་ཕྱོགས་སྡོམ་གནང་བ་རེད། ཞི་ཅིན་ཕིང་གིས་ལོ་བཞི་བཅུའི་སྒྱུར་བཅོས་སྒོ་དབྱེའི་ནང་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་ནི་དཔང་པོ་བྱེད་མཁན་ཞིག་རེད་ལ་དེའི་ནང་ཞུགས་མཁན་ཞིག་དང་། ཕན་པ་ཐོབ་མཁན་ཞིག་རེད་ལ་ལེགས་སྐྱེས་འབུལ་མཁན་ཞིག་ཀྱང་རེད། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་ནི་ནང་སའི་མི་དམངས་དང་འདྲ་བར་ཚང་མ་ནི་རྒྱལ་ཁབ་སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེའི་ངོ་མཚར་གསར་གཏོད་བྱེད་མཁན་རེད། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ནི་ཤང་ཀང་དང་ཨའོ་མོན་གྱིས་ནང་སའི་ལེགས་ཆ་གསབ་རེས་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་དང་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་དང་མེས་རྒྱལ་མི་དམངས་ཀྱིས་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་ཀྱི་ལོ་རྒྱུས་ཤིག་རེད་ལ། ཤང་ཀང་དང་ཨའོ་མོན་ཉིན་བཞིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་དང་མེས་རྒྱལ་གྲ་རྒྱས་སྟོབས་འབྱོར་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་ཀྱི་ལོ་རྒྱུས་ཤིག་ཀྱང་རེད་ཅེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པ་དེ་ཐོག་ནས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ཀྱང་དུས་རབས་གསར་པར་སྐྱོད་པ་མཚོན་ཡོད། ཤང་ཀང་དང་ཨའོ་མོན་གྱི་ངོས་ནས་བརྗོད་ན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལེགས་ཆ་ཆེ་ཤོས་ཤིག་དང་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་ནི་གར་སྟེགས་ཆེ་ཤོས་ཤིག་རེད་ལ། ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དང་ཀོང་ཀང་ཨའོ་ཡི་མཚོ་ཁུག་ཆེན་པོ་ཁུལ་སྐྲུན་རྒྱུ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ནི་གལ་ཆེའི་གོ་སྐབས་གསར་པ་ཞིག་རེད། ང་ཚོས་དུས་རབས་གསར་པའི་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་ནང་གི་ཤང་ཀང་དང་ཨའོ་མོན་གྱི་ངེས་གནས་ལ་ངོས་འཛིན་གང་ལེགས་དང་གནད་འཁེལ་སྟངས་འཛིན་བྱས་ཏེ་ཤང་ཀང་དང་ཨའོ་མོན་གྱིས་གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ལེགས་ཆ་གསར་པ་སྐྱེད་སྲིང་དང་། ནུས་པ་གསར་པ་འདོན་སྤེལ། འཕེལ་རྒྱས་གསར་པ་མངོན་འགྱུར། ལེགས་སྐྱེས་གསར་པ་འབུལ་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས་ཚང་མར་རེ་བ་བཞི་བཏོན་གནང་བ་སྟེ། གཅིག་ནི་དེ་བས་རང་འགུལ་ངང་རྒྱལ་ཁབ་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱུར་རོགས་རམ་བྱེད་དགོས་པ་དང་། གཉིས་ནི་དེ་བས་རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཞུགས་དགོས་པ། གསུམ་ནི་དེ་བས་རང་འགུལ་ངང་རྒྱལ་ཁབ་བཅོས་སྐྱོང་ལག་ལེན་ནང་ཞུགས་དགོས་པ། བཞི་ནི་དེ་བས་རང་འགུལ་ངང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།
      ཞི་ཅིན་ཕིང་གིས་ན་གཞོན་དར་ན་རྒྱལ་ཁབ་དར། ན་གཞོན་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། ཤང་ཀང་དང་ཨའོ་མོན་གྱི་རྒྱ་ཆེའི་གཞོན་ནུ་ནི་ཤང་ཀང་དང་ཨའོ་མོན་གྱི་རེ་བ་དང་འབྱུང་འགྱུར་རེད་ལ། རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་གྱི་ཁྲག་རྒྱུན་གསར་པའང་རེད། ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་འཚར་ལོངས་ཡག་པོ་བྱུང་ན། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་ཡག་པོ་འགྲོ་ཐུབ་པ་དང་རྒྱལ་ཁབ་ཀྱང་འཕེལ་རྒྱས་ཡག་པོ་འགྲོ་ཐུབ་ཅེས་གསུངས་པ་རེད། 
      མཇུག་ཏུ་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ནང་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་ཚོར་མདུན་ལམ་ཆེན་པོ་ལྡན་ཡོད་ལ། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་ལ་འོད་སྟོང་གསར་པ་བསྣན་སྲིད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"